འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱ་ཡིག་ལས་རོགས་དགེ་རྒན་གྱིས་ནེའུ་ཙི་ལན་གྱི་རྒྱ་ཡིག་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་བཏང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 12:58】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། “སྐབས་དེ་དུས་ཀྱི་གསོ་སྦྱོང་ནི་ཕན་ཚུན་སློབ་སྦྱོང་བྱ་རྒྱུ་ཡིན་སྟབས་ངས་སློབ་ཆེན་ནང་རྒྱ་ཡིག་སྦྱོང་རྒྱུའི་མིང་ཐོ་བཀོད་པ་དང་ངེད་ཚོའི་སློབ་གྲྭར་ཡོང་བའི་རྒྱ་ཡིག་ལས་རོགས་དགེ་རྒན་གྱིས་ངར་ཁྱིམ་ཚང་གི་སྦྱོང་ཚན་འབྲི་རོགས་བྱེད་སྲིད་སྙམ་བྱུང”ཞེས་ཚེས་15ཉིན་ནེའུ་ཙི་ལན་གྱི་རྒྱལ་ས་ཝེ་ལིང་ཐོན་གྱི་ཏི་ཨ་ལུའོ་སློབ་ཆུང་གི་སློབ་སྤྱི་ཤིའུ·ཁེ་ལའེ་མོན་ཐེས་ཅུང་ཀུ་རེའི་ཚུལ་གྱིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་བཤད།
         ཉེ་བའི་ཉིན་ཤས་ནང་ཁེ་ལའེ་མོན་ཐེས་པེ་ཅིང་དུ་གསོ་སྦྱོང་བྱེད་མྱོང་བའི་རྒྱ་ཡིག་ལས་རོགས་དགེ་རྒན་48གཅིག་རྗེས་གཉིས་མཐུད་ངང་ཝེ་ལིང་ཐོན་དུ་འབྱོར་ནས་ཝེ་ལིང་ཐོན་གྱི་ཝེ་ཏུའོ་ལི་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་གི་བཀོད་སྒྲིག་འོག་ནེའུ་ཙི་ལན་བྱང་རྒྱུད་གླིང་ཕྲན་གྱི་སློབ་གྲྭ་འབྲིང་ཆུང་112སུ་བསྐྱོད་དེ་སློབ་གྲྭ་དེ་དག་གི་རྒྱ་ཡིག་སློབ་ཁྲིད་ལ་རམ་འདེགས་བྱ་རྒྱུ་ཡིན་ཞིང་། ཚེས་15ཉིན་ཝེ་ལིང་ཐོན་ཝེ་ཏུའོ་ལི་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་གིས་ཁོང་ཚོར་དགའ་བསུའི་མཛད་སྒོ་འཚོགས་པ་རེད།
         ཁེ་ལའེ་མོན་ཐེས་པེ་ཅིང་དུ་བརྒྱུད་མྱོང་བའི་ཉམས་མྱོང་ལས་ཁོང་གིས་རྒྱུས་མངའ་མེད་པའི་སྐད་བརྡའི་ཁོར་ཡུག་ཁྲོད་ཀྱི་ཚོར་སྣང་ཤེས་རྟོགས་བྱུང་ནས་རྒྱ་ཡིག་ལས་རོགས་དགེ་རྒན་ལ་ནེའུ་ཙི་ལན་དུ་འཕྲད་པའི་གནད་དོན་ཐད་གཞན་སྡུག་རང་མྱོང་གི་བསམ་ཚུལ་བྱུང་བ་མ་ཟད་རྒྱ་ཡིག་སྦྱོང་བའི་ཆོད་སེམས་ཀྱང་བརྟན་དུ་སོང་ཡོད། རྒྱ་ཡིག་སློབ་ཚན་བཀོད་སྒྲིག་བྱས་པའི་སློབ་ཆུང་སློབ་སྤྱི་ཡིན་པའི་ངོས་ནས་ཁེ་ལའེ་མོན་ཐེས་སྔ་ཕྱི་བར་གསུམ་དུ་རྒྱ་ཡིག་གི་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ཚོར་སྣང་ཡོང་གི་ཡོད་པ་དང་མ་གཞི་སློབ་གྲྭའི་རྒྱ་ཡིག་སློབ་ཚན་འཚོགས་པའི་སྐབས་སློབ་སྦྱོང་བྱེད་རྩིས་ཡོད་མོད། འོན་ཀྱང་གནས་ཚུལ་སྣ་ཚོགས་ཀྱིས་རྐྱེན་པས་འགོར་འགྱངས་བྱུང་ཡོད། པེ་ཅིང་ནས་ལོག་སླེབས་རྗེས་ཁོང་གིས་ཝེ་ལིང་ཐོན་ཝེ་ཏུའོ་ལི་ཡ་སློབ་ཆེན་དུ་གཟའ་མཇུག་གི་རྒྱ་ཡིག་འཛིན་གྲྭར་མིང་ཐོ་བཀོད་པས་གཞི་ནས་རྒྱ་ཡིག་སྦྱོང་རྒྱུ་བྱུང་ཡོད།
         ལོ་7གོང་དུ་ཏི་ཨ་ལུའོ་སློབ་ཆུང་དུ་རྒྱ་ཡིག་སློབ་ཚན་འཚོགས་པར་ད་ཆ་སློབ་མ་250ཙམ་གྱིས་རྒྱ་ཡིག་སྦྱོང་བཞིན་ཡོད། ཁེ་ལའེ་མོན་ཐེའེ་དྲན་ཤེས་ནང་2015ལོར་སློབ་གྲྭ་དེར་སླེབས་པའི་རྒྱ་ཡིག་ལས་རོགས་དགེ་རྒན་ཚོས་སློབ་ཁྲིད་ཀྱི་ནང་དོན་ཆེས་ཆེར་ཕུན་སུམ་ཚོགས་སུ་བཏང་བ་དང་གཟའ་འཁོར་རེའི་རེས་གཟའ་མིག་དམར་གྱི་དགུང་ཟས་སྐབས་ཀྲུང་གོའི་རིག་གནས་ཚོགས་ཆུང་བཀོད་སྒྲིག་བྱས་ཏེ་ཕྲུ་གུ་ཚོར་ཤོག་བྲེགས་དང་། ཞབས་བྲོ་འཁྲབ་པ། དྲག་རྩལ་སྦྱོང་བ་བཅས་ཀྱི་ཁྲོད་ཀྲུང་གོའི་རིག་གནས་དེ་བས་མང་བ་ཤེས་རྟོགས་ཐུབ་ཀྱི་ཡོད་པ་རེད། ཁོང་གིས་ཀྱང་རྒྱ་ཡིག་ལས་རོགས་དགེ་རྒན་གསར་པས་སློབ་མ་ཚོར་སྤྲོ་སྣང་གསར་པ་སྦྱིན་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད་པ་རེད།
         ཁེ་ལའེ་མོན་ཐེས་ནེའུ་ཙི་ལན་དུ་ཀྲུང་གོའི་གནས་སྤོས་ཡུལ་མི་མི་ཉུང་བ་ཞིག་ཡོད་པ་དང་ཕྱི་ཁོངས་ཀྲུང་གོ་བའི་སློབ་མའི་གྲངས་འབོར་རྒྱུན་མཐུད་ངང་འཕར་བ་དེ་ལས་སློབ་གྲྭས་ནེའུ་ཙི་ལན་དང་ཨེ་ཤེ་ཡ་ས་ཁུལ་དབར་འབྲེལ་གཏུག་ཟབ་མོ་ཆགས་པ་ངོས་འཛིན་ཐུབ་པ་མ་ཟད་རྒྱ་ཡིག་སྦྱོང་བའི་གལ་ཆེའི་རང་བཞིན་ཡང་ངོས་འཛིན་ཐུབ་སྟབས་རྒྱ་ཡིག་དེ་སློབ་ཁྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ཚེས་15ཉིན་འཚོགས་པའི་དགའ་བསུའི་མཛད་སྒོའི་ཐོག་ནེའུ་ཙི་ལན་དེ་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་ཟུར་པ་ཝེ་ཏུའོ་ལི་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་པའོ་དབྱི་ཀྲིས་རྒྱ་ཡིག་འདི་ཉིད་ནི་ནེའུ་ཙི་ལན་གྱི་སློབ་མས་རྒྱ་ཁྱབ་ངང་སློབ་སྦྱོང་བྱེད་པའི་ཕྱི་རྒྱལ་གྱི་སྐད་ཡིག་གྲས་ཤིག་ཏུ་གྱུར་ཡོད། གོམ་སྟབས་རྗེས་མར་ནེའུ་ཙི་ལན་གྱི་སློབ་འབྲིང་དེ་བས་མང་བར་རྒྱ་ཡིག་སློབ་ཚན་འཚོག་རྒྱུར་སྐུལ་འདེད་གཏོང་རེ་ཡོད་ལ་རྒྱ་ཡིག་ལས་རོགས་དགེ་རྒན་གྱིས་ནེའུ་ཙི་ལན་གྱིས་ཀྲུང་གོ་ཤེས་རྟོགས་དེ་བས་གཏིང་ཟབ་ཏུ་འགྲོ་བར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་ཅེས་བཤད་པ་རེད།
         ཝེ་ལིང་ཐོན་གྱི་ཝེ་ཏུའོ་ལི་ཡ་སློབ་ཆེན་ཁུང་ཙི་སློབ་གླིང་འདི་ཉིད་ནི་ན་ནིང་འཚོགས་པའི་ཁུང་ཙི་སློབ་གླིང་གི་ཚོགས་ཆེན་སྐབས་བཅུ་པའི་ཐོག་2015ལོ་འཁོར་གྱི་གོ་ལ་ཧྲིལ་པོའི་སྔོན་ཐོན་ཁུང་ཙི་སློབ་གླིང་20ཡི་ཡ་གྱལ་ཞིག་ཏུ་བདམས་པ་རེད། ཚེས་15ཉིན་ཡོན་ཀྲང་ཁྲེན་ཝུན་གྱིས་གསར་འགོད་པར་2016ལོར་ཝེ་ཏུའོ་ལི་ཡ་སློབ་ཆེན་དུ་ཀྲུང་གོའི་གྲོང་ཁྱེར་མང་པོའི་སློབ་ཆེན་16ནས་ཡོང་པའི་རྒྱ་ཡིག་ལས་རོགས་དགེ་རྒན་48སླེབས་པའི་མི་གྲངས་དེ་ལོ་རིམ་བྱུང་གི་ཁྲོད་ནས་མང་ཤོས་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།