འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ངའི་ལོ་གསར་དང་ངའི་ཕུགས་འདུན།

    —— བོད་ཀྱི་མི་དཀྱུས་མ་གསུམ་གྱི་འབྱུང་འགྱུར་ཕུགས་འདུན།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 13:00】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ལོ་ལྟར་ལོ་རྙིང་ལ་སྐྱེལ་མ་ཞུ་བ་དང་ལོ་གསར་པར་བསུ་བ་ཞུ་བའི་དུས་སུ་མི་ཀུན་གྱིས་སྔར་སོང་ལ་རྗེས་དྲན་དང་འབྱུང་འགྱུར་ལ་རྒྱང་ལྟ་བྱས་ནས་ལོ་གསར་པའི་ནང་བྱ་བ་ལམ་ལྷོངས་དང་བསམ་དོན་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཞུ་གི་ཡོད། ལོ་གསར་སྐབས་གསར་འགོད་པས་བོད་ཀྱི་མི་དཀྱུས་མ་གསུམ་ལ་བཅར་འདྲི་བྱས་ནས་ཁོང་ཚོའི་ངོ་མཚར་ཆེ་བའི་སྔར་སོང་ལ་མྱོང་རོལ་དང་ལོ་གསར་པའི་སྨོན་འདུན་ཉན་པ་ཡིན།
         མི་སྣ་དང་པོ། ཝང་ཡུང་ཕེའོ། ལོ་31 ཉེན་རྟོག་པ།
         སྔར་སོང་ལ་རྗེས་དྲན། ལོ་དགུའི་གོང་ཡུན་ནན་གྱི་ཕོ་གཞོན་ཝང་ཡུང་ཕེའོ་ཡིས“ནུབ་རྒྱུད་འཆར་གཞིའི”དང་བླངས་པའི་མིང་ཐོག་ནས་ལྷ་སར་ཡོང་སྐབས། ཁོ་བོས་འབྱུང་འགྱུར་རང་ཉིད་འདི་གར་ལས་དོན་བསྒྲུབས་ནས་སྡོད་ཀྱི་རེད་བསམ་བློར་འཆར་མྱོང་མེད། ལོ་གཅིག་གི་དང་བླངས་དུས་ཚོད་ཡོལ་རྗེས་ཁོ་བོའི་ལས་རོགས་རྣམས་ཕ་ཡུལ་དུ་ལོག་མོད། འོན་ཀྱང་ཁོ་བོས་གནས་འདིར་མུ་མཐུད་བསྡད། ལོ་དགུའི་རིང་ཝང་ཡུང་ཕེའོ་ཡིས་སྔ་རྗེས་སུ་རང་སྐྱོང་ལྗོངས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་དང་། ཁྲིམས་འཛིན་ཉེན་རྟོག་པའི་ལས་གནས། དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་བཅས་སུ་ལས་འགན་འཁུར་ནས་བསྡད། ད་ཆ་ཁོང་ནི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་གྱི་དམངས་ཕན་ཉེན་རྟོག་ཞབས་ཞུའི་ས་ཚིགས་ཀྱི་ཀྲན་ཀྲང་ཡིན་པ་རེད།
         2015ལོར་ཝང་ཡུང་ཕེའོ་དང་ས་ཚིགས་ཀྱི་ལས་རོགས་ཚོས་སྔ་རྗེས་སུ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཆེ་མོ་དང“གཅིག་སེམས་གཅིག་སྦྲེལ”སྒྱུ་རྩལ་ཚོགས་པའི་བོད་སྐྱོད་འཚམས་འདྲིའི་འཁྲབ་སྟོན་སོགས་བྱེད་སྒོ་ཆེ་གྲས་ཀྱི་བདེ་སྲུང་ལས་དོན་ནང་ཞུགས་ཡོད། ཁོང་གིས“ལོ་ཧྲིལ་པོའི་ལས་ཀ་ཛ་དྲག་ཆེ་ལ་ལས་འགན་ལྕི་པོ་ཡོད་མོད། འོན་ཀྱང་མཉམ་སྡེབ་ཀྱི་ལས་ཀར་གྲུབ་འབྲས་ཐོབ་པ་ནི་འདས་ཟིན་པའི་ལོའི་ནང་གི་གྲུབ་འབྲས་ཡག་ཤོས་དེ་རེད”ཅེས་བཤད།
         ལོ་གསར་པའི་ཕུགས་འདུན། ཝང་ཡུང་ཕེའོ་ལ་ལོ་5ལ་སླེབས་པའི་བུ་ཞིག་ཡོད་པ་དེ་རྒྱུན་དུ་ཡུན་ནན་ཕ་ཡུལ་དུ་སྡོད་ཀྱི་ཡོད་མོད། འོན་ཀྱང་ཝང་ཡུང་ཕེའོ་ཡིས་བུ་དང་དཔྱིད་གསར་དུས་ཆེན་ཐེངས་གཅིག་ལས་གཏོང་མྱོང་མེད། ཝང་ཡུང་ཕེའོ་ཡིས“བུས་ཁོ་བོར་ཁྱིམ་དུ་མི་ལོག་པ་ཅི་ཡིན་ཞེས་འདྲི་བ་དང་ད་དུང་བོད་དུ་པ་ཕའི་སར་ཡོང་གི་ཡིན་ཞེས་ཡང་སེ་ཟེར་སྐབས། ངས་བུར་ཁྱེད་ནར་སོན་རྗེས་གཟུགས་པོ་ས་མཐོའི་ཁོར་ཡུག་དང་འཕྲོད་སྐབས་བོད་དུ་བསུས་གོ་ཞེས་ལན་འདེབས་རྒྱུ་ལས་ཐབས་གཞན་མི་འདུག རེ་བར་ལོ་གསར་པའི་ནང་བུ་མང་ཙམ་ཐུག་པ་ཤོག”ཅེས་བཤད།
         ཉེན་རྟོག་པ་ཞིག་ཡིན་པའི་ངོས་ནས་ཝང་ཡུང་ཕེའོ་ཡིས་ངའི་ཕུགས་འདུན་ཆེ་ཤོས་ནི་དུས་བདེ་ཞི་འཇགས་ཡིན་པས། རེ་བར་མི་སེར་རྣམས་བདེ་སྡོད་ལས་བརྩོན་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།
         མི་སྣ་གཉིས་པ། ཉི་མ་ཆོས་འཛོམས། ལོ་16 ཧྲང་ཧའེ་ཅིན་ཡོན་མཐོ་རིམ་སློབ་འབྲིང་གི་ལོ་རིམ་དང་པོའི་སློབ་མ།
         སྔར་སོང་ལ་རྗེས་དྲན། 2012ལོར་ཉི་མ་ཆོས་འཛོམས་ཧྲན་ཏུང་ཅི་ནན་བོད་ལྗོངས་སློབ་འབྲིང་དུ་རྒྱུགས་འཕྲོད་ནས་ཕྱི་ཕྱོགས་སུ་སློབ་ལ་གཞོལ་འགོ་བརྩམས། 2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལའི་ས་ཡོམ་གྱི་གནོད་འཚེ་ཆེན་པོའི་དབང་གིས་ཉི་མ་ཆོས་འཛོམས་ཀྱི་ཕ་ཡུལ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གནས་གྲོང་ཚོའི་90%ཡན་གྱི་ཁང་པར་སེར་ཁ་གས་པའམ་ཡང་ན་ལོག་ཡོད། སློབ་གྲྭའི་དགེ་རྒན་དང་ནང་མིས་སེམས་གསོ་བཏང་བ་བརྒྱུད་ཁོ་མོའི་སེམས་ནད་བསལ་ཏེ་འབྲིང་རྒྱུགས་ནང་ཕུལ་བྱུང་སྦྱངས་འབྲས་ཐོག་ནས་ཧྲང་ཧའེ་ཅིན་ཡོན་མཐོ་རིམ་སློབ་འབྲིང་དུ་རྒྱུགས་འཕྲོད་སྟབས། རང་ཉིད་ཀྱི་སློབ་ཆེན་གྱི་ཕུགས་འདུན་དང་ཐག་ཇེ་ཉེར་སོང་།
         ཉི་མ་ཆོས་འཛོམས་ཀྱིས“4·25ཡི་ས་ཡོམ་གནོད་འཚེ་ཐོན་རྗེས་ངས་ངུ་གིན་དུ་ནང་ལ་ཁ་པར་བརྒྱབ་པ་ཡིན། ཕ་མས་སྐུ་གཟུགས་ཐང་པོ་ཡིན་ཞེས་གསུང་སྐབས་གཞི་ནས་བློ་བདེ་པོ་བྱུང”ད་རེས་དགུན་གསེང་སྐབས་སྲིད་གཞུང་གིས་གེགས་སེལ་དངོས་ཟོག་སྣ་ཚོགས་གནང་བས་ནང་མིའི་ཟས་གོས་ཐད་སེམས་ཁྲལ་གཏན་ནས་མེད་པ་མ་ཟད། ད་དུང་ནང་མིས་སྒོར་ཁྲི་10རི་བའི་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་ཉོས་ཏེ་གེགས་རྗེས་བསྐྱར་སྐྲུན་བྱེད་སྐབས་བྱེ་རྡོ་དབོར་འདྲེན་བྱ་རྒྱུ་ཡིན་པ་ཤེས་སྐབས་སེམས་དེ་བས་ལྷོད་ལ་བབས་སོང་ཞེས་བཤད།
         ལོ་གསར་པའི་ཕུགས་འདུན། ཉི་མ་ཆོས་འཛོམས་ཀྱིས“ངའི་ལོ་གསར་པའི་ཕུགས་འདུན་ནི་རང་ཉིད་ཀྱི་སྦྱངས་འབྲས་ཉིན་བཞིན་ཡར་རྒྱས་ཡོང་རྒྱུ་དང་གྲོང་ཚོ་ཡོངས་ཀྱི་གྲོང་མི་སྔ་ཙམ་ཁང་པ་གསར་པའི་ནང་སྤོ་ཐུབ་པ་བྱ་རྒྱུ་དེ་ཡིན”ཞེས་བཤད།
         མི་སྣ་གསུམ་པ། ཧྲའོ་མིང་ཀུའེ། ལོ་20 མཐའ་སྲུང་དམག་མི།
         སྔར་སོང་ལ་རྗེས་དྲན། ཧྲའོ་མིང་ཀུའེ་1996ལོར་ཨན་ཧུའེ་ཁྲེ་ཀྲོའུ་གྲོང་ཁྱེར་ཏུང་ཀྲེ་རྫོང་ལུང་ཆོན་གྲོང་རྡལ་ཚའོ་གྲོང་ཚོར་སྐྱེས། 2013ལོར་དམག་དཔུང་དུ་ཞུགས་ནས་ཀྲུང་གོ་དང་ནེ་པ་ལའི་ས་མཚམས་ཡིན་པའི་སྐྱིད་གྲོང་འགག་སྒོར་ཡོང་སྟེ་སྐྱིད་གྲོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ལྟ་སྲུང་རུ་འབྲིང་གི་མཐའ་སྲུང་དམག་མི་ཞིག་ཏུ་གྱུར།
         ནེ་པ་ལའི“4·25”ཡི་ས་ཡོམ་གནོད་འཚེ་ཆེན་པོའི་དབང་གིས་སྐྱིད་གྲོང་འགག་སྒོ་དེ་ཉིད་ཁེར་ཆགས་གླིང་ཕྲན་ལྟ་བུ་ཞིག་ཏུ་གྱུར་ནས་ལམ་བུ་ཤར་གཏོང་མི་ཐུབ་པ་དང་། བརྡ་རྟགས་མེད་པ། གློག་མཁོ་སྤྲོད་མི་ཐུབ་པ་བཅས་སུ་གྱུར། མི་རྣམས་ཐད་འཕུར་གནམ་གྲུར་བསྡད་ནས་གནས་སྤོ་བྱས་རྗེས་ཧྲའོ་མིང་ཀུའེ་དང་མཐའ་སྲུང་དཔོན་དམག་20ཡིས་རང་འགུལ་ངང་གཡུལ་ས་བརྟན་སྲུང་བྱ་རྒྱུའི་རེ་བ་ཞུས་ནས་སྲོག་འབེན་བཙུགས་ཀྱིས་རྒྱལ་མཚམས་བརྟན་སྲུང་བྱེད་པའི་བསྟོད་གླུ་བླངས་ཡོད།
         ལོ་གསར་པའི་ཕུགས་འདུན། ཧྲའོ་མིང་ཀུའེ་ཡིས“འདི་ལོ་ནི་རང་ཉིད་དཔུང་སྡེར་ཞུགས་པའི་ལོ་གསུམ་པ་དེ་ཡིན། དཔུང་སྡེའི་ཁྱིམ་ཚང་ཆེ་མོའི་ནང་མང་པོ་ཤེས་བྱུང་། མ་གཞི་ལོ་གསར་རིང་ཁྱིམ་དུ་ལོག་ཁོམ་མ་བྱུང་ཡང་དམག་དཔུང་ནི་ཁྱིམ་ཚང་ལྟ་བུ་ཞིག་རེད། ལོ་གསར་པའི་ནང་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ཉོ་ཚོང་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་དང་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་སྔར་བས་ཟབ་པོ་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན། ང་ཚོས་སྔར་རྒྱུན་བཞིན་ལས་གནས་བརྟན་སྲུང་གིས་རྒྱལ་མཚམས་ཡག་པོ་བསྲུངས་ནས་མི་སེར་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པས་མེས་རྒྱལ་ཐུགས་བློ་བདེ་པོ་གནང་རོགས”ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།