འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།ཐང་བོད་གནའ་ལམ་གྱི“སོར་རྩེའི་སྒྱུ་ རྩལ་པའི”བོད་ཀྱི་ལོ་གསར།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་17ཉིན། 13:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         འགྱེས་ཕུག་གྲོང་ཚོའི་གྲོང་མི་ཚེ་དབང་བཟང་མོའི་ཁྱིམ་དུ་དབང་འདུས་ཀྱིས་བོད་བཟོའི་རྐུབ་སྟེགས་རིང་མོའི་ཐོག་བསྡད་པ་དང་གམ་དུ་ཚངས་ཐིག་སྨི་ཕྱེད་ཀ་ཙམ་ཡོད་པའི་ཆུ་བན་ཞིག་བཞག་པ་དེའི་ནང་ཚོས་བརྒྱབ་པའི་མར་འཕྱོ་བར་ཚོས་གཞི་དམར་པོ་དང་། ཟིང་སྐྱ། ལྗང་ཁུ། སེར་པོ། མུ་མེན་སོགས་ཡོད་པ་རེད།
         གྲོང་མི་ཚོས་འཁྱེར་འོང་བའི་རྩམ་པ་དང་མར་དེ་དག་སྒྲོག་ཙེའི་སྟེང་བང་བསྒྲིགས་ནས་བཞག་པ་དང་ཚང་མས་མཐའ་འཁོར་དུ་བསྡད་དེ་དབང་འདུས་ཀྱི“ཞལ་ཟས་མཆོད་པ”བཟོ་སྟངས་ལ་ལྟ་བཞིན་ཡོད།
         “ཞལ་ཟས་མཆོད་པ”ནི་སྐྱིད་གྲོང་རྒྱུད་ཀྱི་བོད་རིགས་མང་ཚོགས་ཀྱིས་བོད་ཀྱི་ལོ་གསར་ལ་རྟེན་འབྲེལ་ཞུ་སྐབས་ཀྱི་མཆོད་རྫས་གལ་ཆེན་ཞིག་ཡིན་པ་དེའི་དབྱིབས་ནི་མཆོད་རྟེན་ལྟར་ཡིན་པ་དང་ལོ་གསར་པར་འབྲུ་རིགས་སྣ་ལྔ་འཛོམས་ཤིང་འཚོ་བ་བདེ་སྐྱིད་ལྡན་པ་ཞིག་ཡོང་བའི་སྨོན་འདུན་ཞུ་ཆེད་ཡིན་པ་རེད།
         ལོ་59ལ་སླེབས་པའི་དབང་འདུས་ནི་གནས་གྲོང་ཚོའི་ཞིང་པ་དཀྱུས་མ་ཞིག་ཡིན་ཞིང་། གྲོང་ཚོ་དེ་ཀྲུང་ནེའི་མཐའ་མཚམས་དང་བར་ཐག་སྤྱི་ལེ་30ཙམ་ཡོད་པའི་གནའ་བོའི་གྲོང་ཚོ་ཞིག་ཡིན་པ་དེ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་སྐྱིད་གྲོང་གྲོང་རྡལ་གྱི་ཁོངས་གཏོགས་ཡིན་པ་དང་སྐྱིད་གྲོང་ནི་ལོ་ངོ་1000ལྷག་ཙམ་གོང་དུ་ཐང་བོད་གནའ་ལམ་གྱི་བརྒྱུད་དགོས་ངེས་ཀྱི་ལམ་བུ་ཞིག་རེད།

    “ཞལ་ཟས་མཆོད་པའི”རྒྱུ་ཆ་ནི་རྩམ་པ་དང་མར་ཡིན་པ་དང་ལག་ཆ་ནི་ལག་གཉིས་ཡིན་པ་རེད།
         དབང་འདུས་ཀྱིས་ཆུའི་ནང་ནས་ཚོས་བརྒྱབ་མེད་པའི་མར་རྡོག་རྡོག་ཅིག་བཏོན་ཏེ་རྡོག་པོ་ཆུང་ཆུང་རེ་ལེབ་ཙམ་བཟོས་རྗེས་གཟབ་གཟབ་ངང་མཆོད་རྟེན་གྱི་ངོས་སུ་འབྱར།
         དབང་འདུས་ལ་ངལ་གསོ་ཁོམ་མེད་པར་གཞན་དང་སྐད་ཆ་ཤོད་སྐབས་ཀྱང་ལག་མཚམས་འཇོག་གི་མེད། “ཞལ་ཟས་མཆོད་པ”ཧྲིལ་པོ་གཅིག་ལ་མར་གྱི་མེ་ཏོག་ཁག་གསུམ་བཟོ་དགོས་པ་དང་དེས་ན“ཞལ་ཟས་མཆོད་པ”གསུམ་དེ་གཞི་ནས་མཆོད་རྫས་ཆ་ཚང་ཞིག་རེད། ཁོང་གིས་མགྱོགས་མྱུར་བཟོས་ཏེ་ཁྱིམ་ཚང་ཚང་མའི་གྲོང་མིས་དགུ་ཐུག་མ་འཐུང་གོང་དུ“ཞལ་ཟས་མཆོད་པ”འབུལ་ཐུབ་པའི་འགན་ལེན་བྱེད་ཀྱི་ཡོད།
         དབང་འདུས་ཀྱི“ཞལ་ཟས་མཆོད་པའི”ལག་རྩལ་དེ་ཁོང་གི་གྲོངས་ཟིན་པའི་ཕའི་ས་ནས་སྦྱངས་པ་ཞིག་ཡིན་མོད། “ཞལ་ཟས་མཆོད་པ”བཟོ་བར་ཧ་ལམ་ཡོང་འབབ་གང་ཡང་མེད་ཅིང་ཕལ་ཆེ་བ་བོད་ཀྱི་ལོ་གསར་གཏོང་སྐབས་དགའ་ཉེ་སྤུན་མཆེད་དང་ཁྱིམ་མཚེས་ལ་རོགས་རམ་བྱས་པ་ཞིག་རེད།
         ད་ཆ་མཐའ་འཁོར་དུ་ལག་རྩལ་དེ་ཤེས་མཁན་ཧ་ཅང་ཉུང་བ་དང་དབང་འདུས་རང་ཉིད་ཀྱི་ཕྲུ་གུ་ལྔ་པོས་ཀྱང་ཤེས་ཀྱི་མེད། དབང་འདུས་ཀྱིས“སྟབས་ལེགས་པར་ད་ལྟ་གྲོང་ཚོའི་ནང་གི་མི་བཞིས་ངའི་གམ་ནས་ལག་རྩལ་དེ་སྦྱོང་གི་ཡོད་པས་ལོ་ངོ་བརྒྱ་ཕྲག་ཁ་ཤས་རྒྱུན་འཛིན་བྱས་པའི་ལག་རྩལ་དེ་མུ་མཐུད་རྒྱུན་འཛིན་ཐུབ་པ་བྱ་རྒྱུ་ནི་ངའི་བསམ་འདུན་ཆེ་ཤོས་ཡིན”ཞེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།