འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོས་ཁྲའོ་ཞན་གྱིས་སྲུང་སྐར་འཕེན་གཏོང་བྱ་གྲབས་ཡོད་པར་དོ་ཁུར་ནན་པོ་བྱེད་པ།

    ཕྱེད་གླིང་དུ་ཟིང་ཆ་དང་དམག་འཁྲུག་བསླངས་མི་ཆོག་པའི་བསྐྱར་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
        མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་3ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་གྱིས་ཟླ་འདིའི་ནང་སྲུང་སྐར་འཕེན་གཏོང་བྱེད་པར་དོ་ཁུར་ནན་པོ་བྱེད་ཀྱི་ཡོད། ཁྲའོ་ཞན་ཕྱོགས་ཀྱིས་བཟོད་སྒོམ་བྱས་ནས་ཕྱེད་གླིང་གི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་སྲིད་པའི་བྱ་སྤྱོད་མི་སྤེལ་བའི་རེ་བ་ཡོད་ཅེས་དང་དུས་མཚུངས་ཁོང་གིས་ཕྱེད་གླིང་གི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ཀྲུང་གོ་ཕྱོགས་ཀྱིས་ཕྱེད་གླིང་དུ་ཟིང་ཆ་དང་དམག་འཁྲུག་གཏན་ནས་བསླངས་མི་ཆོག་པའི་བསྐྱར་བསྒྲགས་བྱས་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེའི་མགྲིན་ཚབ་པ་གཞོན་པ་ཧ་ཁེས་ཚེས་2ཉིན་ཁྲའོ་ཞན་ཕྱོགས་ཀྱིས་རྒྱལ་སྤྱིའི་དམངས་སྤྱོད་མཁའ་འགྲུལ་རྩ་འཛུགས་དང་། རྒྱལ་སྤྱིའི་མཚོ་དོན་རྩ་འཛུགས། རྒྱལ་སྤྱིའི་གློག་འཕྲིན་མནའ་འབྲེལ་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིར་བརྡ་ཐོ་བཏང་སྟེ་ཟླ་2ཚེས་8ནས་ཚེས་25ཉིན་བར་སའི་གོ་ལའི་ལྟ་དཔྱད་ཚད་འཇལ་སྲུང་སྐར་གཅིག་འཕེན་གཏོང་བྱ་རྒྱུ་ཡིན་པ་གཏན་འཁེལ་བྱས་པ་རེད་ཅེས་བཤད་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་གྱི་ཚོགས་འདུའི་ཐོག་ལུའུ་ཁང་གིས“ང་ཚོས་འབྲེལ་ཡོད་གནས་ཚུལ་གཏོང་སྤེལ་ལ་དོ་སྣང་བྱུང་། དེའི་ཐད་དོ་ཁུར་ནན་པོ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།
         ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཁྲའོ་ཞན་ལ་ཞི་བདེའི་ངང་བར་སྣང་མཁའ་དབྱིངས་བེད་སྤྱོད་བྱེད་དབང་ཡོད་མོད། འོན་ཀྱང་དེང་སྐབས་ཁྲའོ་ཞན་གྱི་ཁེ་དབང་དེར་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ཀྱི་ཚོད་འཛིན་ཕོག་པའི་ངོས་འཛིན་བྱེད་ཀྱི་ཡོད། དེང་སྐབས་ཀྱི་དུས་བབ་འོག་ཀྲུང་གོ་ཕྱོགས་ཀྱིས་སྲུང་སྐར་འཕེན་གཏོང་གི་གནད་དོན་ཐད་ཁྲའོ་ཞན་ཕྱོགས་ཀྱིས་བཟོད་སྒོམ་དང་གཟབ་ནན་གྱི་སྒོ་ནས་བྱ་སྤྱོད་སྤེལ་བ་ལས་ཕྱེད་གླིང་གི་དུས་བབ་སྔར་བས་ཛ་དྲག་ཏུ་འགྲོ་བའི་བྱ་སྤྱོད་མི་སྤེལ་བའི་རེ་བ་བྱེད་ཀྱི་ཡོད་ཅེས་བཤད་པ་རེད།
         ལུའུ་ཁང་གིས་ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་ནི་འབྲེལ་ཡོད་ཕྱོགས་ཁག་གི་ཐུན་མོང་གི་འགན་འཁྲི་ཡིན་ལ་ཕྱོགས་ཁག་གི་ཐུན་མོང་གི་ཁེ་ཕན་དང་ཡང་འཚམ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕྱོགས་ཁག་དང་འབྲེལ་གཏུག་མཐུན་སྦྱོར་བྱས་ཏེ་ཕྱེད་གླིང་དང་ས་ཁུལ་འདི་གའི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བྱེད་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད་ཅེས་བཤད་པ་རེད།
         ལུའུ་ཁང་གིས་དོན་དངོས་ཐོག་ཚང་མས་ཁྲའོ་ཞན་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་རིམ་འགྱུར་ལ་ཕྱིར་མིག་བལྟས་ཚེ་ཁྲའོ་ཞན་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པའི་འཕེལ་རིམ་ལ་སྐུལ་མ་གཏོང་ཆེད་ཕྱོགས་ཁག་ལ་9·19ཐུན་མོང་གི་གསལ་བསྒྲགས་ཡག་པོ་ཞིག་བྱུང་མྱོང་ཡོད། གསལ་བསྒྲགས་དེའི་ནང་ཁྲའོ་ཞན་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆ་དང་ད་ཡོད་ཀྱི་ཉིང་རྡུལ་འཆར་གཞི་ཐམས་ཅད་བློས་བཏང་ནས་《ཉིང་རྡུལ་མཚོན་ཆ་ཁྱབ་འགྱེད་དུ་མི་གཏོང་བའི་ཆིངས་ཡིག་》ཐོག་གང་མྱུར་ཕྱིར་ལོག་བྱེད་པ་དང་འབྲེལ་རྒྱལ་སྤྱིའི་རྡུལ་ཕྲན་ནུས་པའི་སྒྲིག་གཞིའི་ལྟ་སྐུལ་ནང་ཕྱིར་ལོག་བྱ་རྒྱུ་ཁས་ལེན་གསལ་པོ་བྱས་ཡོད། ཕྱོགས་ཁག་ལའང་2·13ཐུན་མོང་གི་ཡིག་ཆ་ཡག་པོ་ཞིག་བྱུང་མྱོང་ཡོད་པ་དང་ཡིག་ཆ་དེའི་ནང་ཁྲའོ་ཞན་གྱིས་ཉིང་རྡུལ་བློས་གཏོང་བའི་ཞིབ་ཕྲའི་དམིགས་ཚད་དང་ཞིབ་ཕྲའི་གོམ་སྟབས་ཁས་ལེན་གསལ་པོ་བྱས་ཡོད་ཅེས་བཤད་པ་རེད།
         ལུའུ་ཁང་གིས་ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་གྲོས་མོལ་བྱས་པ་བརྒྱུད་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད། དུས་བབ་ཛ་དྲག་ཏུ་འགྲོ་བའི་རྣམ་པ་མཐོང་འདོད་མེད། “གལ་སྲིད་འབྲེལ་ཡོད་ཕྱོགས་ཀྱིས་ཨ་ན་ཨུ་ཚུགས་བྱས་ཚེ་ང་ཚོས་བཀག་ཀྱང་འགོག་ག་ལ་ཐུབ”ཅེས་བཤད་པ་རེད།
         ལུའུ་ཁང་གིས“ཡིན་ཡང་ཀྲུང་གོ་ཕྱོགས་ཀྱིས་ངེས་པར་དུ་ནན་བཤད་བྱེད་དགོས་པ་ཞིག་ལ་ཕྱེད་གླིང་གི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ང་ཚོས་ཕྱེད་གླིང་དུ་ཟིང་ཆ་དང་དམག་འཁྲུག་གཏན་ནས་སློང་དུ་འཇུག་རྒྱུ་མིན་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པར་སྐུལ་མ་གཏོང་བའི་དམིགས་ཚད་ཆེན་པོ་དེའི་ནང་རྒྱལ་ཁབ་སུ་འདྲ་ཞིག་གིས་ཀྱང་སྒེར་དོན་གཏན་ནས་སྒྲུབ་ཏུ་འཇུག་རྒྱུ་མིན”ཞེས་བཤད་པ་རེད།
         ཁོང་གིས་ཀྲུང་གོ་སྲིད་གཞུང་གིས་ཕྱེད་གླིང་ལ་ཉིང་རྡུལ་མཚོན་ཆ་མེད་པ་མངོན་འགྱུར་ཡོང་རྒྱུ་མཐའ་འཁྱོངས་བྱེད་པའི་བློ་བརྟན་འགྱུར་མེད་དང་། ཕྱེད་གླིང་གི་ཞི་བདེ་བརྟན་ལྷིང་སྲུང་སྐྱོང་མཐའ་འཁྱོངས་བྱེད་པའི་བློ་བརྟན་འགྱུར་མེད། སྐད་ཆ་ཤོད་རེས་བྱས་པ་བརྒྱུད་ཕྱེད་གླིང་གི་ཉིང་རྡུལ་གནད་དོན་ཐག་གཅོད་བྱེད་པའི་བློ་བརྟན་འགྱུར་མེད་བཅས་བསྐྱར་བསྒྲགས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།