འཚོལ་བཤེར།   
藏文频道
2016ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་ཞེས་པའི་གློག་བརྙན་གྱིས་ཕྱི་རྒྱལ་གྱི་ལྟད་མོ་བ་ཚོ་དང་
    མཉམ་དུ་སྤྲེལ་ལོའི་ལོ་གསར་དགའ་གཏོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 02ཚེས་05ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ལུགས་རྙིང་སྤྲེལ་ལོའི་དཔྱིད་གསར་དུས་ཆེན་རིང་ཀྲུང་གོས་པར་ལེན་བྱས་པའི་གློག་བརྙན་གསར་པ་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་ལས་སུན་ཝུའུ་ཁུང་གིས་རུས་དཀར་བདུད་མོ་ཐེངས་གསུམ་བཏུལ་བ་》ཞེས་པ་གོ་ཧྲིལ་པོའི་གྲོང་ཁྱེར་50ལྷག་ཙམ་དུ་བསྟན་ནས་ཕྱི་རྒྱལ་གྱི་ལྟད་མོ་བ་ཚོས་ཀྱང“སྤྲེལ་ལོར་སྤྲེལ་གྱི་འཁྲབ་སྟོན་ལ་བལྟ་བའི”སྤྲོ་སྣང་དུས་གཅིག་ཏུ་མྱོང་རོལ་ཐུབ་པ་བྱ་རྒྱུ་རེད།
         《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་ལས་སུན་ཝུའུ་ཁུང་གིས་རུས་དཀར་བདུད་མོ་ཐེངས་གསུམ་ བཏུལ་བ》ཞེས་པ་ཉེ་ཆར་འཇར་མན་གྱི་པེར་ལིན་དང་ཧན་པའོ་རུ་དམིགས་བསལ་གཟིགས་ཕུད་བྱས་ནས་ལྟད་མོ་བ་ཁག་གཅིག་གིས་སྔོན་ལ་ལྟ་ཐུབ་པ་བྱས་ཡོད་པ་རེད།
         གློག་བརྙན་དེ་ཀྲེང་པའོ་ཧྲུའེ་ཡིས་འཁྲབ་ཁྲིད་བྱས་པ་དང་། ཀུའོ་ཕུའུ་ཁྲེང་དང་། ཀུང་ལི། ཕུང་ཧྲའོ་ཧྥུང་སོགས་ཀྱིས་གཙོ་འཁྲབ་བྱས་པ་དང་3Dརྣམ་པའི་ཐོག་ནས་མངོན་པར་བྱས་ཏེ་དམིགས་བསལ་པར་རྒྱག་བཏང་མང་པོ་སྤྱད་པའི་ཁར། འཛིང་རེས་རྣམ་པ་འགོ་ནས་མཇུག་བར་ཁྱབ་པར་བྱས་ཡོད་པ་རེད། གཏམ་རྒྱུད་ཀྱི་ནང་དོན་གཙོ་བོ་དེ་མ་རྩོམ་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་》དང་གཅིག་མཐུན་ཡིན་མོད། འོན་ཀྱང་རྣམ་པ་བཀོད་སྒྲིག་དང་གཏམ་རྒྱུད་ཀྱི་ལྷུ་ཚིགས་ཐད་བཅོས་སྒྲིག་མི་ཉུང་བ་བྱས་པའི་ཁར། མི་སྣ་གཙོ་བོའི་སྐད་ཆ་དགོད་བྲོ་ལ་བསྟན་བཤིག་ཚ་བ་ཞིག་ཡོད་པ་རེད། དེ་ཁུལ་གྱི་ཕྱི་ཁོངས་ཀྲུང་གོ་བ་དང་འཇར་མན་གྱི་ལྟད་མོ་བ་ཞུགས་པའི་གཞི་ཁྱོན་ཆུང་བའི་གློག་བརྙན་སྟོན་པའི་མཛད་སྒོའི་ཐོག་གློག་བརྙན་དེར“དགོད་བྲོའི་ནུས་པ”མི་ཉུང་བ་ཐོན་ཡོད་པ་རེད།
         “གཏམ་རྒྱུད་ཀྱི་རོལ་རྩེད་རང་བཞིན་ཅུང་ཆེ་བས་དགོད་བྲོ་པོ་འདུག”ཅེས་པེར་ལིན་རང་མོས་སློབ་ཆེན་དུ་སློབ་སྦྱོང་བྱེད་བཞིན་པའི་ཀྲུང་གོའི་སློབ་མ་ལིའུ་ཡུས་ཕུང་གིས་ཚེས་2ཉིན་གྱི་དགོང་མོ་པེར་ལིན་དུ་གཟིགས་ཕུད་གློག་བརྙན་བལྟས་རྗེས་དེ་ལྟར་བཤད་པ་དང་། ཁོང་གིས་ལྟད་མོ་ཆེ་བའི་ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་ཞེས་པའི་གློག་བརྙན་དེ་སྤྱི་དམངས་ཀྱི་རོལ་རྩེད་དགོས་མཁོ་དང་འཚམ་པ་དང་དུས་མཚུངས་གློག་བརྙན་གྱི་ནང་དོན་བཀོད་སྒྲིག་ལུགས་མཐུན་བྱས་ཡོད་པས་གཏམ་རྒྱུད་ཀྱི་ནང་དོན་ལེགས་སུ་ནུས་ལྡན་ཕྱིན་འདུག་ཅེས་བཤད་བྱུང་།
         འཇར་མན་གྱི་ལྟད་མོ་བ་ཨའེ་པོ་ཧ་ཏེ·ཐེ་ལུན་ཕེར་གྱིས“ལྟད་མོ་ཆེ་བ་ཞེས་པའི”ཐ་སྙད་སྤྱད་ནས་གློག་བརྙན་དེར་གདེང་འཇོག་བཟང་པོ་བྱེད་ཅིང་། ཁོང་གིས་གློག་བརྙན་ནང་གི་རྣམ་པ་ཆེ་གྲས་ཁག་གཅིག་ཧའོ་ལེ་ཝུའུ་ཡི་གློག་བརྙན་ཆེ་གྲས་དང་འདྲ་པོ་འདུག་ལ་ལག་རྩལ་གྱི་དམིགས་བསལ་པར་རྒྱག་བཏང་ཡང་ཡག་པོ་འདུག ཡིན་ནའང་རྒྱབ་ལྗོངས་ཀྱི་ཤེས་བྱ་ནི་ཕྱི་རྒྱལ་གྱི་ལྟད་མོ་བ་ཚོས་གློག་བརྙན་དེ་བལྟ་ཐུབ་པའི་འགག་རྩ་དེ་རེད་ཅེས་བཤད་བྱུང་།
         འཇར་མན་གྱི་CinemaxXཀུང་སིའི་མགྲིན་ཚབ་པ་དབྱིན་ཀེ་ལི་ཏེ·པུའུ་ལུའོ་དབྱིར་གྱིས་《ནུབ་ཕྱོགས་སུ་སྐྱོད་པའི་རྣམ་ཐར་གྱི་སུན་ཝུའུ་ཁུང་གིས་རུས་དཀར་བདུད་མོ་ཐེངས་གསུམ་བཏུལ་བ་》ཞེས་པའི་གློག་བརྙན་གྱི་སྤ་སེ་འཚོང་བའི་གནས་ཚུལ་ཅུང་ཡག་པོ་འདུག གློག་བརྙན་དེ་གཙོ་བོ་ཕྱི་ཁོངས་ཀྲུང་གོ་བའི་ལྟད་མོ་བ་ཚོར་ཕྱོགས་པ་ཞིག་ཡིན་མོད། འོན་ཀྱང་འཇར་མན་གྱི་ལྟད་མོ་བ་ཚོས་ཀྱང་དགའ་པོ་བྱེད་ངེས་རེད་ཅེས་ངོ་སྤྲོད་བྱས་བྱུང་།
         “ཕྱི་རྒྱལ་དུ་སློབ་སྦྱོང་དང་འཚོ་བ་སྐྱེལ་མཁན་གྱི་ཀྲུང་གོ་བ་ཞིག་ཡིན་པའི་ངོས་ནས་ང་ཚོས་ཕྱི་རྒྱལ་གྱི་གློག་བརྙན་ཁང་དུ་ཀྲུང་གོའི་གློག་བརྙན་ཆེ་གྲས་ལྟ་འདོད་ཆེན་པོ་བྱེད་ཀྱི་ཡོད། ད་ལྟ་ཡག་ཏུ་ཞེ་དྲགས་ཕྱིན་འདུག”ཅེས་ལིའུ་ཡུས་ཕུང་གིས་བརྗོད་པ་དང་། ཁོང་གིས“ཀྲུང་གོའི་རིག་གནས་དང་ཟུང་འབྲེལ་གྱིས་གློག་བརྙན་དེ་བས་མང་བ་དང་དེ་བས་ཡག་པ་པར་ལེན་བྱས་ནས་ཀྲུང་གོའི་རིག་གནས་ཕྱི་རྒྱལ་དུ་བརྒྱུད་བསྒྲགས་བྱས་ཐོག་འཛམ་གླིང་ཡོངས་ཀྱི་མི་རྣམས་ཀྱིས་ཀྲུང་གོའི་རིག་གནས་ལ་དོ་ཁུར་ཡོང་རྒྱུའི་རེ་བ་ཡོད”ཅེས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།