འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།སོ་ཏི་ཨ་རབ་ཀྱིས་དཔལ་འབྱོར་སྒྱུར་བཅོས་གཏོང་མགྱོགས་སུ་བཏང་ནས་སྣ་མང་ཅན་ལ་
    སྐུལ་འདེད་གཏོང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་18ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་གྱིས་ནང་བློན་ཚོགས་འདུ་གཙོ་སྐྱོང་བྱས་ནས་རྒྱལ་ཁབ་དེའི་2016ལོའི་སྔོན་རྩིས་ཇུས་གཞི་དང་དཔལ་འབྱོར་སྒྱུར་བཅོས་ཀྱི་ཇུས་གཞི་དྲིལ་བསྒྲགས་བྱས་པ་དང་འབར་སྣུམ་གྱི་རིན་གོང་མཐོ་རུ་གཏོང་རྒྱུའི་གཏན་འབེབས་བྱས་ནས་འབྱུང་འགྱུར་ལོ་5ཡི་ནང་བཅོས་སྣུམ་དང་། ཆུ། གློག་ཤུགས་བཅས་ཀྱི་ཁ་གསབ་ལེགས་སྒྲིག་བྱ་རྒྱུའི་འཆར་གཞི་བཀོད་པ་མ་ཟད་འགྲོ་གྲོན་ཆུང་དུ་བཏང་ནས་གཞུང་ཁོངས་ཁེ་ལས་ཁག་གཅིག་གི་སྒེར་དབང་ཅན་དང་། ཁྲལ་འབབ་ཀྱི་གནས་ཐང་འཕར་ཁྲལ། རྡོ་ཐའི་ཁྲལ་སོགས་རིམ་བཞིན་དམའ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་ཡོད།
         སྔོན་རྩིས་ཇུས་གཞི་གཞིར་བཟུང་། 2016ལོར་སོ་ཏི་ཨ་རབ་ཀྱི་ནོར་སྲིད་སྔོན་རྩིས་འགྲོ་སོང་ལི་ཡའར་དུང་ཕྱུར་8400(ཨ་སྒོར་དུང་ཕྱུར་2240དང་མཚུངས)ཟིན་པ་དང་ཡོང་འབབ་ལི་ཡའར་དུང་ཕྱུར་5138(ཨ་སྒོར་དུང་ཕྱུར་1370དང་མཚུངས)ཟིན་ནས་ཆད་གྲངས་མཚལ་ཡིག་ཨ་སྒོར་དུང་ཕྱུར་870ཟིན་ཡོད་པ་རེད། ས་ལེ་མན་གྱིས“སྔོན་རྩིས་ཀྱི་གྱོད་གཞི་གསར་པ་ནི་རྒྱལ་ཁབ་ཀྱི་དཔལ་འབྱོར་བརྟན་དུ་འགྲོ་འགོ་ཚུགས་པ་ཞིག་རེད”ཅེས་བཤད།
         སོ་ཏི་ཨ་རབ་ཀྱི་སྒྱུར་བཅོས་བྱེད་ཐབས་ཐོག་མ་དེ་རིམ་བཞིན་སྤྱོད་འགོ་ཚུགས་པ་དཔེར་ན། རླངས་སྣུམ་རིན་གོང་མཐོ་རུ་གཏོང་བ་དང་རྡོ་སྣུམ་ལྗིད་རིགས་དང་། ཁྲའེ་ཡིའུ་སྣུམ། རང་བྱུང་སོལ་རླངས་སོགས་འབུད་ཤིང་གི་རིན་གོང་ཚང་མ་མཐོ་རུ་བཏང་ཡོད། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས་སོ་ཏི་ཨ་རབ་ཀྱིས་དེའི་འབུད་ཤིང་གི་རིན་གོང་མཚོ་ཁུག་རྒྱལ་ཁབ་གཞན་གྱི་རིན་གོང་དང་འཚམ་པར་སྤར་ཚེ་ལོ་ལྟར་འགྲོ་སོང་ཨ་སྒོར་དུང་ཕྱུར་170ཙམ་གྲོན་ཆུང་ཐུབ་པ་ལྟ་བུའོ།
         2014ལོ་ནས་བཟུང་རྒྱལ་སྤྱིའི་སྣུམ་རིན་60%ཙམ་ཆག་པ་དང་གོ་ལ་ཧྲིལ་པོའི་རྡོ་སྣུམ་ཕྱིར་གཏོང་རྒྱལ་ཁབ་ཆེ་ཤོས་དང་རྡོ་སྣུམ་ཡོང་འབབ་ཀྱིས་རྒྱལ་ཁབ་དེའི་རྒྱལ་མཛོད་ཡོང་འབབ་ཀྱི་བཅུ་ཆ་དགུ་ཡན་ཟིན་པའི་སོ་ཏི་ཨ་རབ་ལ་སྔར་བྱུང་མྱོང་མེད་པའི་ནོར་སྲིད་ཀྱི་དཀའ་ངལ་འཕྲད་ཡོད། སོ་ཏི་ཨ་རབ་ཀྲུང་དབྱང་དངུལ་ཁང་གི་བསྡོམས་རྩིས་ལ་གཞིགས་ན། 2015ལོའི་ཟླ་10བར་རྒྱལ་ཁབ་དེས་ཕྱི་དངུལ་ཨ་སྒོར་དུང་ཕྱུར་6440གསོག་འཇོག་བྱས་པ་དེ་2014ལོའི་ཟླ་8པར་སྣུམ་རིན་མཐོ་ཤོས་སུ་སླེབས་པའི་ཨ་སྒོར་དུང་ཕྱུར་7460ཟིན་པའི་སྐབས་ལས་13%ཆག་ཡོད།
         ས་ལེ་མན་གྱིས་ཉེ་ཆར་སོ་ཏི་ཨ་རབ་ཀྱི་གྲོས་མོལ་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་སྐབས་ད་རེས་སོ་ཏི་ཨ་རབ་ཀྱིས་དཔལ་འབྱོར་སྒྱུར་བཅོས་བཏང་བའི་དམིགས་ཡུལ་ནི་སྤྱི་པའི་འགྲོ་སོང་གི་ཕན་འབྲས་མཐོ་རུ་བཏང་ནས་དཔལ་འབྱོར་གྱི་ཐོན་ཁུངས་གང་ལེགས་སྤྱད་དེ་རྒྱལ་ཁབ་མ་འཇོག་གི་ཡོང་འབབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་དེ་རེད་ཅེས་བཤད།
         སོ་ཏི་ཨ་རབ་ཀྱིས་དཔལ་འབྱོར་སྒྱུར་བཅོས་ཀྱི་འབོད་སྐུལ་བྱས་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཚད་མཐོའི་དོ་ཁུར་ཐོབ་ཡོད། ཨེ་ཅིབ་གཏོར་གཟུགས་མཆོད་རྟེན་འཐབ་ཇུས་ཞིབ་འཇུག་ལྟེ་གནས་ནུས་ཁུངས་ཞིབ་འཇུག་རྣམ་གྲངས་ཀྱི་ཀྲུའུ་རེན་ཨའེ་ཧ་མེ་ཏེ·ཀན་ཏི་ལེ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས“སོ་ཏི་ཨ་རབ་ཀྱིས་དཔལ་འབྱོར་སྒྱུར་བཅོས་བྱེད་འདོད་པ་དེ་ཁས་ལེན་བྱེད་དགོས། འོན་ཀྱང་བྱ་སྤྱོད་དེ་གལ་སྲིད་སྔ་ཙམ་སྤེལ་ཚེ་དེ་བས་རང་འགུལ་ཡང་ཐུབ། སྒྱུར་བཅོས་དེ་སོ་ཏི་ཨ་རབ་ངོས་ནས་བརྗོད་ན་ལས་སླ་པོ་ཞིག་གཏན་ནས་མིན། ནུས་རྒྱུ་ཁྲོམ་རའི་འགྲན་རྩོད་ཤུགས་ཆེ་བ་དང་སྣུམ་རིན་ཤུགས་ཆེན་ཆག་པ་དེས་ནོར་སྲིད་ཀྱི་གནོན་ཤུགས་ཆེ་རུ་ཕྱིན་པ་ཕུད་ད་དུང་སོ་ཏི་ཨ་རབ་ཀྱི་རྒྱལ་ནང་ངལ་རྩོལ་མི་འབོར་མང་དུ་ཕྱིན་ནས་ལས་ཞུགས་དཀའ་བ་སོགས་ཀྱི་རྣམ་པ་ཐོན་ཡོད་ལ་དཔལ་འབྱོར་སྒྱུར་བཅོས་བརྒྱུད་ཐག་གཅོད་བྱེད་དགོས་པའི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་གྱི་གྲས་ཤིག་ཀྱང་རེད”ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།