འཚོལ་བཤེར།   
藏文频道
2015ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་འབོར་ཤུགས་ཆེན་འཕར་ནས་ནུས་རྒྱུའི་
    གྲུབ་ཆ་བཟང་སྒྲིག་འབྱུང་བཞིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 11ཚེས་03ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བསྡོམས་རྩིས་ཅུས་ཀྱི་བསྡོམས་རྩིས་གྲངས་གཞི་ལས། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་མཚོ་སྔོན་ཞིང་ཆེན་དུ་ཉི་ནུས་དང་རླུང་ནུས་ཀྱིས་གཙོས་པའི་ནུས་རྒྱུ་གསར་པའི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་60.39ཟིན་ནས་ཞིང་ཆེན་དེ་ཡོངས་ཀྱི་གློག་གཏོང་བསྡོམས་འབོར་གྱི་13.8%བཟུང་བས། ནུས་རྒྱུ་གསར་པས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུའི་གློག་གཏོང་བསྡོམས་འབོར་ཁྲོད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.4འཕར་ནའང་། ཆུ་གློག་དང་མེ་གློག་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.1དང་0.3སོ་སོར་ཆག་ལུགས་འཁོད་ཡོད།
         “ནུས་རྒྱུ་གསར་པའི་གློག་གཏོང་འབོར་མགྱོགས་མྱུར་འཕར་བ་དེས་མཚོ་སྔོན་གྱི་གློག་གཏོང་གྲུབ་ཆ་རིམ་བཞིན་བཟང་སྒྲིག་བྱུང་ནས་དུས་ཚིགས་དབང་གིས་གློག་ཆད་པར‘མང་ཁ་ལེགས་སྒྲིག’གི་ཕན་ནུས་ཀྱང་ཐོན་ཡོད”ཅེས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སིའི་འགན་འཁུར་བས་ངོ་སྤྲོད་བྱས་ཤིང་། དུས་ཚིགས་དང་པོ་ནས་གསུམ་པའི་མཇུག་བར་མཚོ་སྔོན་ཞིང་ཆེན་ལ་ནུས་རྒྱུ་གསར་པའི་ཁེ་ལས་181ཡོད་པ་དེ་དག་གིས་ནུས་རྒྱུ་གསར་པའི་སྒྲིག་སྦྱོར་འཕྲུལ་ཙུའུ་ནས་གློག་གཏོང་ཚད་ཆན་ཝ་ཁྲི་515.33ཟིན་པ་དེས་ཞིང་ཆེན་ཡོངས་ནང་སྒྲིག་སྦྱོར་འཕྲུལ་ཙུའུ་ནས་གློག་གཏོང་བའི་30%བཟུང་ཡོད། དེའི་ནང་སྒྲིག་སྦྱོར་ཉི་ནུས་འཕྲུལ་ཙུའུ་ནས་གློག་ཆན་ཝ་ཁྲི་478.18དང་། རླུང་ནུས་འཕྲུལ་ཙུའུ་ནས་གློག་ཆན་ཝ་ཁྲི་36.80སྐྱེ་དངོས་འཕྲུལ་ཙུའུ་ནས་གློག་ཆན་ཝ་ཁྲི་0.35ཟིན་ཡོད་པ་རེད།
         གཞན་ཡང་། མཚོ་སྔོན་གློག་དྲས་ནུས་རྒྱུ་གསར་པའི་གློག་འཐེན་སྤྱོད་ཀྱི་ནུས་པ་ཆེ་རུ་སོང་བ་དང་གློག་འདོན་ས་ཚུགས་ཀྱི་དོ་དམ་དང་འཁོར་སྐྱོད་བདག་སྐྱོང་ཚན་རིག་དང་མཐུན་པའི་ཡར་རྒྱས་བྱུང་བ་དེས་མཚོ་སྔོན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་སྒྲིག་ཆས་ཆ་སྙོམས་ཆུ་ཚོད་རེའི་སྤྱོད་ཡུན་མང་དུ་སོང་ཞིང་། འདི་ལོའི་དུས་ཚིགས་དང་པོ་ནས་གསུམ་པ་བར་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གསར་པའི་གློག་གཏོང་འཕྲུལ་ཙུའུ་ཆ་སྙོམས་སྤྱོད་ཡུན་ཆུ་ཚོད་1258ཟིན་པ་དེ་ཆུ་ཚོད་རེར་སྒྲིག་ཆས་སྤྱོད་ཡུན་ན་ནིང་གི་དུས་མཚུངས་ལས་ཆུ་ཚོད་59ཡིས་མང་བའི་ནང་། ཉི་ནུས་གློག་གཏོང་སྒྲིག་ཆས་ཆ་སྙོམས་སྤྱོད་ཡུན་ཆུ་ཚོད་1231ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཆུ་ཚོད་48འཕར་བ་དང་། རླུང་ནུས་གློག་གཏོང་སྒྲིག་ཆས་ཆ་སྙོམས་སྤྱོད་ཡུན་ཆུ་ཚོད་1609ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཆུ་ཚོད་233འཕར་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་ནི་རང་རྒྱལ་གྱི་ཉི་ནུས་ཕུན་སུམ་ཚོགས་ཤོས་ཀྱི་གྲས་ཤིག་ཡིན། དེའི་ཉི་འོད་འཕྲོ་ཤུགས་ཆེ་ལ་ཡུན་རིང་བས་ལོར་འོད་འཕྲོ་ཤུགས་སྨི་ངོས་གྲུ་རེར་ཀྲའོ་ཅའོ་5800ནས་7400བར་ཟིན་ནས་ཐད་ཀར་འོད་འཕྲོ་ཤུགས་ཀྱིས་དེའི་བསྡོམས་འབོར་གྱི་60%ཡན་བཟུང་བ་མ་ཟད། མཚོ་སྔོན་ལ་འོད་ཤུགས་དང་རླུང་ནུས་གློག་ཁང་འཛུགས་རྒྱུར་མཁོ་བའི་ས་རྒོད་སྤྱི་ལེ་ངོས་གྲུ་ཁྲི་10ཡོད་པར་བརྟེན་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་གཏོང་ས་ཡག་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་དེ་དཔལ་འབྱོར་གྱི་གྲུབ་ཆ་ཕྱོགས་སྒྱུར་ལ་སྐུལ་མ་གཏོང་བའི་ཚད་བརྒལ་ཡོང་གཞིར་བྱས་ནས་ནུས་རྒྱུ་གསར་པའི་ཐོན་ལས་འཆར་འགོད་དང་འབྲེལ་ཡོད་ཀྱི་འདེགས་སྐྱོར་སྲིད་ཇུས་རབ་དང་རིམ་པ་བཟོས་ཏེ་ནུས་རྒྱུ་གསར་པའི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཡོང་བར་སྐུལ་མ་བཏང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།