འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།མེ་ཏོག་ལྡུམ་རར་མེ་ཏོག་གི་དྲི་ཞིམ་འཐུལ།

    —— ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ནས་ལོ་30འཁོར་བའི་སྒྲིལ་གླེང་།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་13ཉིན། 13:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         1985ལོའི་སྟོན་དུས་ནས་བཟུང་། བོད་ཀྱི་སློབ་མ་ཁག་དང་པོ་ནང་སར་སློབ་སྦྱོང་ལ་བསྐྱོད་པ་དང་། ཁོང་ཚོས་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་16སོ་སོའི་བོད་ལྗོངས་འཛིན་གྲྭར་(སློབ་གྲྭ)བསྐྱོད་དེ་སློབ་སྦྱོང་བྱེད་འགོ་ཚུགས། ལོ་བཅུ་དང་། ལོ་ཉི་ཤུ། ལོ་སུམ་ཅུ་བཅས་སུ་བོད་ལྗོངས་འཛིན་གྲྭ་ནི་རབ་ཏུ་བཞད་པའི་མེ་ཏོག་དང་འདྲ་བར་བཀྲག་མདངས་འཚེར་ཞིང་། གངས་ལྗོངས་ཀྱི་སློབ་ཕྲུག་ཁག་མང་པོ་ནི་ལས་ལ་གཞོལ་བའི་སྦྲང་མ་ལྟར་མེ་ཏོག་རབ་ཏུ་བཞད་པའི་མེ་ཏོག་ལྡུམ་རར་འབྲས་བུ་ཐོན་ལ་ཤེས་བྱའང་ཕུན་སུམ་ཚོགས་སུ་ཕྱིན་ཡོད་པ་རེད། ལོ་ཤས་རྗེས་འཚར་ལོངས་བྱུང་ལ་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་པའི་སློབ་མ་དེ་དག་ཕ་ཡུལ་དུ་ལོག་བྱས་རྗེས། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་རྫོགས་མཐའ་མེད་པའི་གསོན་ཤུགས་གསར་པར་གྱུར།
         སྲིད་ཇུས་འཐུས་ཚང་དང་སློབ་ཁྲིད་ཀྱི་རྣམ་པ་ཞིག་སྤྱིར་ན་ཆགས་པ།
         ལྷ་རྩེ་རྫོང་གི་བས་མཐའི་གྲོང་ཚོ་ཞིག་ཏུ་སྐྱེས་པའི་ཚེ་ཕུན་ནི་ད་ཆ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ལས་ཁུངས་ཏང་ཨུད་ཀྱི་ཆེད་བསྐོས་ཧྲུའུ་ཅི་གཞོན་པ་རེད། སློབ་ཆེན་ཐོན་རྗེས་ཁོང་བོད་ལ་ལོག་སྟེ་གཞུང་ལས་པར་གྱུར། “གལ་སྲིད་ནང་སའི་བོད་ལྗོངས་འཛིན་གྲྭར་སློབ་སྦྱོང་ལ་ཕྱིན་མེད་ན། རང་ཉིད་ད་དུང་ཕྱུགས་འཚོས་ནས་བསྡད་ཡོད་ཤས་ཆེ”ཞེས་ཚེ་ཕུན་གྱིས་བཤད།
         1984ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ནང་སའི་སློབ་གྲྭའི་སློབ་གཉེར་ཆ་རྐྱེན་དང་དགེ་རྒན་གྱི་ལེགས་ཆར་བརྟེན་ནས། རྒྱལ་ཡོངས་སུ་ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ཏེ་བོད་རིགས་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་རྒྱུའི་གཏན་འཁེལ་བྱས། 1985ལོར་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་16ལ་བོད་ལྗོངས་དམའ་རིམ་སློབ་འབྲིང་འཛིན་གྲྭ་(སློབ་གྲྭ)བཙུགས་ནས་སྐབས་དང་པོར་སློབ་ཆུང་ཐོན་པའི་སློབ་མ་ཁྱོན་1300བསྡུས་པ་དང་། 1989ལོར་ནང་སའི་འབྲིང་རིམ་ཆེད་ལས་སློབ་གྲྭ་དཀྱུས་མ་དང་ནང་སའི་མཐོ་རིམ་སློབ་འབྲིང་བོད་ལྗོངས་འཛིན་གྲྭ་དཀྱུས་མ་བཙུགས་པ། 1992ལོར་བོད་ལྗོངས་འཛིན་གྲྭའི་མཐོ་རིམ་སློབ་འབྲིང་གི་སློབ་མ་300ནང་སའི་སློབ་ཆེན་དཀྱུས་མར་ཚུད་པ། 2001ལོར་ནང་སའི་གཙོ་གནད་མཐོ་རིམ་སློབ་འབྲིང་གི་ཐོར་འཇུག་འཛིན་གྲྭ་བཙུགས་པ། 2010ལོར་ནང་སའི་འབྲིང་རིམ་ཆེད་ལས་སློབ་གྲྭ་48ལ་ནང་སའི་བོད་ལྗོངས་འབྲིང་རིམ་ཆེད་ལས་འཛིན་གྲྭ་བཙུགས་པས། དམའ་རིམ་སློབ་འབྲིང་དང་། མཐོ་རིམ་སློབ་འབྲིང་། འབྲིང་རིམ་ཆེད་ལས་སློབ་གསོ། ཆེད་ལས་ཚན་ཁག དངོས་གཞིའི་ཚན་ཁག་དཀྱུས་མ། ཞིབ་འཇུག་སློབ་མའི་སློབ་གསོ་བཅས་ལ་ཁྱབ་པའི་ཅུང་ཆ་ལག་ཚང་བའི་སློབ་ཁྲིད་བྱེད་སྟངས་ཤིག་སྤྱིར་ན་ཆགས་ཡོད་པ་རེད།
         ནང་སའི་འཛིན་གྲྭ་(སློབ་གྲྭ)བཙུགས་ནས་ལོ་30ཡི་རིང་། ཁྱོན་སློབ་མ་མི་ཐེངས་ཁྲི་10ལྷག་ཙམ་བསྡུས་པ་དང་། བོད་ལ་དགོས་མཁོ་ཆེ་བའི་ཆེད་ལས་སློང་འབྲིང་ཡན་གྱི་ཤེས་ལྡན་པ་ཁྲི་3ལྷག་ཙམ་གསོ་སྐྱོང་བྱས་པ་དེ་དག་སློབ་གསོ་དང་། འཕྲོད་བསྟེན། ཞིང་འབྲོག ཚན་རྩལ། རིག་གནས། རླུང་འཕྲིན་བརྙན་འཕྲིན། ཆུ་བེད། ཁོར་ཡུག་སྲུང་སྐྱོང་། འགྲིམ་འགྲུལ་སྐྱེལ་འདྲེན། དངུལ་རྩ་སོགས་ཆེད་ལས་ཁག་ལ་ཁྱབ་ཡོད་པས། བོད་ཀྱི་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་ཐེབས་ཡོད།
         དམིགས་བསལ་གྱི་བྱ་བ་དམིགས་བསལ་བསྒྲུབས་ནས་འཚར་ལོངས་སྔར་བས་ཡག་པ་ཡོང་བ་བྱེད་པ།
          ལོ་མང་རིང་འཛིན་གྲྭ་འཛུགས་མཁན་ཞིང་ཆེན་དང་གྲོང་ཁྱེར་ཁག་གི་ཏང་ཨུད་དང་སྲིད་གཞུང་གིས་ནང་སའི་བོད་ལྗོངས་འཛིན་གྲྭ་ཡག་པོ་གཉེར་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ཏེ་ཁོངས་གཏོགས་ཁུལ་གྱིས་དོ་དམ་བྱེད་པའི་རྩ་དོན་གཞིར་བཟུང་། ཚད་མཐོའི་སྣང་ཆེན་དང་། འགོ་ཁྲིད་ལ་ཤུགས་སྣོན། མི་རྒྱུ་དངོས་གསུམ་བཅས་ཀྱིས་རྒྱབ་སྐྱོར་ཤུགས་ཆེན་བཅས་བྱས་ཏེ།“དམིགས་བསལ་གྱི་བྱ་བ་དམིགས་བསལ་སྒྲུབ་པའི”བྱ་ཐབས་ལ་བརྟེན་ནས་སྲིད་ཇུས་དང་། བྱ་ཐབས། དོ་དམ་བྱེད་ཐབས་བཅས་ཞིབ་ཕྲ་བཟོས་ཏེ་བོད་ལྗོངས་འཛིན་གྲྭའི་སློབ་མར་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཡག་པོ་ཞིག་བཏོད་པ་རེད།
         མིག་སྔར་ནང་སའི་དམའ་རིམ་སློབ་འབྲིང་དང་མཐོ་རིམ་སློབ་འབྲིང་དཀྱུས་མར་བོད་ལྗོངས་འཛིན་གྲྭའི་སློབ་གསོ་དང་། སློབ་ཁྲིད། དོ་དམ་བཅས་ཀྱི་ལས་དོན་ལ་ཞུགས་མཁན་དགེ་རྒན་དང་ལས་བཟོ་ཁྱོན་1700ལྷག་ཙམ་ཡོད་པའི་ནང་ཆེད་ལས་དགེ་རྒན་1500ལྷག་ཙམ་དང་གཙོ་གནད་མཐོ་རིམ་སློབ་འབྲིང་གི་ཐོར་འཇུག་འཛིན་གྲྭའི་སློབ་གྲྭར་བོད་ལྗོངས་འཛིན་གྲྭའི་སློབ་གསོ་དང་། སློབ་ཁྲིད། དོ་དམ་བཅས་ཀྱི་ལས་དོན་ནང་ཞུགས་མཁན་དགེ་རྒན་དང་ལས་བཟོ་ཁྱོན་3500ལྷག་ཙམ་ཡོད།
         སློབ་གཉེར་མཁྲེགས་ཆས་ཐད་མིག་སྔར་ཞིང་ཆེན་དང་གྲོང་ཁྱེར་ཆེས་མང་ཆེ་བའི་སློབ་གཉེར་ཆ་རྐྱེན་ནི་ས་གནས་དེ་གའི་ཞིང་ཆེན་རིམ་པའི་དཔེ་སྟོན་མཐོ་རིམ་སློབ་འབྲིང་དང་ཚད་གཞི་ཅན་གྱི་དམའ་རིམ་སློབ་འབྲིང་གི་སློབ་གཉེར་ཚད་གཞི་ལོན་ཡོད། དཔེར་ན་ཧྲང་ཧའེ་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་1.75བཏང་ནས་ཧྲང་ཧའེ་སྲིད་འཛིན་དོ་དམ་སློབ་གྲྭའི་བོད་ལྗོངས་འཛིན་གྲྭ་གསར་དུ་སྐྲུན་པ་དང་། ཅང་སུའུ་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་1.4བཏང་ནས་ཁྲང་ཀྲོའུ་བོད་ལྗོངས་སློབ་འབྲིང་གསར་དུ་སྐྲུན་པ། ཧུའུ་པེ་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་2.5བཏང་ནས་ཝུའུ་ཧན་བོད་ལྗོངས་སློབ་འབྲིང་གསར་དུ་སྐྲུན་པ། ཧྲའན་ཤིས་ཞིང་ཆེན་གྱིས་མ་དངུལ་སྒོར་དུང་ཕྱུར་1.87བཏང་ནས་ཤིས་ཨན་ཚན་པ་སློབ་འབྲིང་དང་པོ་གསར་དུ་སྐྲུན་པ་རེད།
         ཕ་ཡུལ་ལ་དྲིན་ལན་འཇལ་ཕྱིར་ཕུགས་འདུན་འགོ་འཛུགས་སར་ཕྱིར་ལོག་བྱས་པ།
         “ཁྱིམ་དུ་ལོག་རྗེས་ཆུ་མང་ཙམ་བཏུང་བ་དང་ངལ་གསོ་ཡག་པོ་རྒྱག་དགོས”ཞེས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དུ་ཡེ་ཤེས་སྒྲོལ་མས་ནད་པར་གྱོན་གོས་གཡོག་རོགས་བྱེད་བཞིན་དུ་ཚིག་འཇམ་ངང་མངགས་བཅོལ་བྱས།
          2014ལོར་ཀྲུང་ཧྲན་སློབ་ཆེན་གསོ་རིག་ཚན་ཁག་ནས་ཐོན་རྗེས། ནང་སའི་ལས་ཀའི་ཁོར་ཡུག་ཡག་པོར་མི་ལྟ་བར་ཡེ་ཤེས་སྒྲོལ་མ་ཐེ་ཚོམ་སྤུ་ཙམ་མེད་པར་བོད་དུ་ལོག་སྟེ“གོས་དཀར་ཕོ་ཉ་བ”ཞིག་ཏུ་གྱུར། “ཕྱིར་སྐྱོད་པ་དེའང་ཕ་ཡུལ་དུ་ལོག་ཆེད་ཡིན”ཞེས་ཁོང་གི་གདམ་ག་དེའི་སྐོར་བརྗོད་སྐབས། ཡེ་ཤེས་སྒྲོལ་མས་བློ་བརྟན་འགྱུར་མེད་ངང་བཤད།
         ཡེ་ཤེས་སྒྲོལ་མའི་གདམ་ག་དང་འདྲ་བར་ནག་ཆུ་རྫོང་སློབ་འབྲིང་དུ་དངོས་ཁམས་དགེ་རྒན་བྱེད་བཞིན་པའི་པ་སངས་ཚེ་རིང་གིས“རང་ཉིད་ཀྱིས་འབད་བརྩོན་བྱས་པ་བརྒྱུད། འདི་གའི་ཕྲུ་གུ་སྔར་བས་མང་བ་ཞིག་རང་ཡུལ་ནས་ཐོན་ནས་སྔར་བས་ཡངས་ཤིང་རྒྱ་ཆེ་བའི་ཕྱི་རོལ་ལ་བལྟ་བར་འགྲོ་ཐུབ་པའི་རེ་བ་ཡོད”ཅེས་བཤད།
         ལོ་30ཡི་རིང་ནང་སའི་བོད་ལྗོངས་འཛིན་གྲྭས་བོད་ལ་བེད་སྤྱོད་ཐུབ་པ་དང་། སེམས་གནས་ཐུབ་པ། གཞི་རིམ་དུ་སྐྱོད་ཐུབ་པ་བཅས་ཀྱི་དགོས་མཁོ་ཆེ་བའི་ཤེས་ལྡན་པ་འབོར་ཆེན་ཞིག་གསོ་སྐྱོང་བྱས། མི་མང་པོ་ནི་ཚན་པས་ཕུལ་བྱུང་གུང་ཁྲན་ཏང་ཡོན་དང་། མི་རིགས་མཐུན་སྒྲིལ་དང་ཡར་ཐོན་སྔོན་ཐོན་མི་སྒེར། གྲོང་གསེབ་ཀྱི་དགེ་རྒན་མཛེས་ཤོས། སྨན་པ་མཛེས་ཤོས་སོགས་ལ་བདམས་ཡོད། མི་སྤྱོད་ཚན་པས་བཤད་པར་གཞིགས་ན། ཁོང་ཚོ་ཆབ་སྲིད་ལངས་ཕྱོགས་བརྟན་པོ་དང་། ཤེས་བྱའི་གྲུབ་ཆ་བྱང་ཆུབ་པ། རིག་གནས་ཀྱི་རྨང་གཞི་བརྟན་པ། ལས་སྒོའི་ནུས་པ་ཆེ་བ། མཐོང་རྒྱ་ཆེ་བ། ལས་བཀུར་ལས་གཅེས་བཅས་ཡིན་པས་བོད་ཀྱི་གཞི་རིམ་སྲིད་དབང་འཛུགས་སྐྱོང་གི་རྐང་འཛིན་པ་དང་། བོད་མགྱོགས་མྱུར་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཀྱི་སྲ་ཞིང་བརྟན་པའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།