འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་མནའ་འབྲེལ་གྱིས་སྐྱབས་བཅོལ་བ་ཆ་བགོས་ཇུས་གཞི་ཁྱབ་བསྒྲགས་བྱས་པར་
    ཨ་རིས་དོ་ཁུར་གཏན་ནས་མི་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:34】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་9ཉིན་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་རོང་ཁེས་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བ་ཆ་བགོས་ཇུས་གཞི་ཁྱབ་བསྒྲགས་བྱས་པ་དང་། ཇུས་གཞི་དེར་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཁག་གཅིག་གི་དང་ལེན་ཐོབ་པའི་ཁར། ཡོ་རོབ་ཀྱི་ཆབ་སྲིད་མཁས་ཅན་དང་དམངས་ཚོགས་ཀྱིས་ཀྱང་སྐྱབས་བཅོལ་བ་མང་བའི་རྒྱུ་རྐྱེན་ལ་བསམ་གཞིག་བྱེད་འགོ་ཚུགས་པ་རེད། སྐྱབས་བཅོལ་བ་མང་པོ་ཐོན་པར་འགན་འཁྲི་གལ་ཆེན་ཡོད་པར་ངོས་འཛིན་བྱེད་པའི་ཨ་རིས་ཡོ་རོབ་མནའ་འབྲེལ་ལ་སྐྱབས་བཅོལ་བ་མང་བའི་དཀའ་གནད་འཕྲད་སྐབས། སྔར་བཞིན་དོ་ཁུར་གཏན་ནས་བྱེད་ཀྱི་མེད་པ་རེད།
         དེ་ཉིན་རོང་ཁེས་ཧྥ་རན་སེ་སི་ཐེ་ལ་སི་མཁར་གྲོང་དུ་ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ལ་སྐྱབས་བཅོལ་བ་ཆ་བགོས་བྱ་རྒྱུའི་རེ་འབོད་བྱས་པ་རེད། རོང་ཁེས་ཁྱབ་བསྒྲགས་བྱས་པའི་ཇུས་གཞི་གཞིར་བཟུང་། ཡོ་རོབ་མནའ་འབྲེལ་ཁྲོད་ཀྱི་ཁོངས་མིའི་རྒྱལ་ཁབ་22ཀྱིས་ཧང་ག་རི་དང་། ཀེ་རི་སེ། དབྱི་ཐ་ལི་བཅས་མངའ་ཁོངས་ཀྱི་སྐྱབས་བཅོལ་བ་ཁྲི་12ཆ་བགོས་དང་ལེན་བྱ་རྒྱུ་ཡིན་པ་དང་། འཇར་མན་གྱིས་སྐྱབས་བཅོལ་བ་ཁྲི་3.1དང་ལེན་བྱ་རྒྱུ་ཡིན་པ་དེ་ནི་ད་རེས་སྐྱབས་བཅོལ་བ་དང་ལེན་བྱེད་མང་ཤོས་ཀྱི་རྒྱལ་ཁབ་ཡིན་པ་དང་། ཨང་གཉིས་པ་ནི་སྐྱབས་བཅོལ་བ་ཁྲི་2.4དང་ལེན་བྱེད་མཁན་གྱི་ཧྥ་རན་སེ་དང་། ཨང་གསུམ་པ་ནི་སྐྱབས་བཅོལ་བ་ཁྲི་1.5དང་ལེན་བྱེད་མཁན་གྱི་སི་ཕེན་རེད།
         ཡོ་རོབ་མནའ་འབྲེལ་རྒྱལ་ཁབ་ཏུ་སྐྱབས་བཅོལ་བ་མང་བའི་དུས་སུ་ཨ་རིས་ཕར་གཡོལ་ཚུར་གཡོལ་དང་རྣམ་འགྱུར་གསལ་པོ་བསྟན་མེད་པ་རེད།
         ཚེས་8ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་ཕོ་བྲང་དཀར་པོའི་མགྲིན་ཚབ་པ་ཨོའུ་ནེ་སི་ཐེས“མི་ཚང་མར་ཁ་ཚ་དགོས་གཏུགས་ཡིན་པའི་ཚོར་སྣང་བྱུང་ཡོད”ཨ་རིས་སྐྱབས་བཅོལ་བར་ཁ་གཏད་གཅོག་པའི་བྱེད་ཐབས་རབ་དང་རིམ་པ་ཞིབ་འཇུག་བྱེད་བཞིན་ཡོད་པས“དེ་འདྲ་བྱེད་པར་བརྒྱུད་རིམ་ཞིག་དགོས་ཀྱི་ཡོད”ཅེས་བརྗོད།
         ཨོའུ་ནེ་སི་ཐེས་ཨ་རི་སྲིད་གཞུང་ལ་ཡོ་རོབ་མནའ་འབྲེལ་གྱི་སྐྱབས་བཅོལ་བའི་ཁུར་པོ་ལྕི་པོ་ཆ་བགོས་བྱེད་པའི་འགན་འཁྲི་ཡོད་མེད་སྐོར་ལ་བཏོན་པའི་གསར་འགོད་པའི་འབྲེལ་ཡོད་དྲི་བར་ཐད་ཀར་ལན་མ་བརྒྱབ་པར། ཨ་རིས་སི་རི་ཡར་མི་ཆོས་རིང་ལུགས་ཀྱི་རོགས་སྐྱོར་བྱས་པ་དང་འབྲེལ། སི་རི་ཡའི་ཉམས་ཉེན“ཞི་བའི་ངང་ཐག་གཅོད་བྱེད་པའི”ཐད་ཕྱི་འབྲེལ་ལས་དོན་སྔར་བཞིན་སྤེལ་བཞིན་ཡོད་ཅེས་ནན་བཤད་བྱས་པ་རེད།
         སི་རི་ཡར་2011ལོར་ཉམས་ཉེན་ཕྲད་པ་ནས་བཟུང་། ཨ་རིས་སི་རི་ཡའི་སྐྱབས་བཅོལ་བ་1500ལས་དང་ལེན་བྱས་མེད་པ་རེད།
         མཉམ་འབྲེལ་རྒྱལ་ཚོགས་སྐྱབས་བཅོལ་ཧྲུའུ་ཡི་གྲངས་གཞི་གསར་ཤོས་ལས་མངོན་པར། མིག་སྔར་སི་རི་ཡའི་སྐྱབས་བཅོལ་བའི་བསྡོམས་གྲངས་ཁྲི་400ལས་བརྒལ་བའི་ཁྲོད་ནས་མང་ཆེ་བ་ཐུར་ཁེ་དང་། ལེ་པ་ནོན། ཅོར་ཏན། དབྱི་རག་སོགས་སི་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་ཀྱི་མངའ་ཁོངས་སུ་ཡོད། ཉེ་དུས་སི་རི་ཡ་སོགས་རྒྱལ་ཁབ་ཀྱི་སྐྱབས་བཅོལ་བ་འབོར་ཆེན་རྒྱུན་ཆད་མེད་པར་ཡོ་རོབ་ཏུ་བསྐྱོད་པ་དང་། ཁོ་ཚོ་མང་ཆེ་བས་ཐུར་ཁེ་ནས་ལྐོག་སྒྲོལ་གྲུ་གཟིངས་དུ་བསྡད་ནས་ཀེ་རི་སེར་བསྐྱོད་རྒྱུའི་གདམ་ག་བྱེད་པ་དང་། དེ་ནས་ཡོ་རོབ་ཀྱི་རྒྱལ་ཁབ་གཞན་དག་ལ་སྐྱོད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།