འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་བོད་རིགས་ས་ཁུལ་གློག་རྡུལ་ཆ་འཕྲིན་གྱི་དུས་རབས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིགས་ན། མཚོ་སྔོན་བོད་རིགས་ས་ཁུལ་གྱིས་སྲིད་ཇུས་ཀྱི་ཤར་རླུང་ལ་བརྟེན་ནས་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཚན་རྩལ་ཁྱབ་གདལ་འཕྲུལ་མི་དང་། རྒྱ་བོད་དབྱིན་གསུམ་གྱི་ཀློག་འདོན་འཕྲུལ་ཆས། རིག་ནུས་ལག་ཁྱེར་ཁ་པར། སློབ་སྦྱོང་འཕྲུལ་ཆས། ངོས་ལེབ་གློག་ཀླད། རྨོངས་སེལ་སྒྲུང་ཀློག་འཕྲུལ་ཆས་སོགས་སྲོག་ཤིང་ལག་རྩལ་རང་བརྟེན་ཞིབ་བཟོ་དང་ཐོན་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་བཏང་བ་དང་། རྒྱལ་ཡོངས་ཀྱི་ཚན་རྩལ་མཐོ་བའི་གློག་རྡུལ་ཁེ་བདེ་བདག་ཐོབ་ཀྱི་ཐོན་རྫས་གསར་པ་མང་པོ་ཞིག་གཅིག་མཇུག་གཉིས་མཐུད་ངང་བཏོན་པ་དེས། རང་རྒྱལ་གྱི་གྲངས་ཉུང་མི་རིགས་ས་ཁུལ་གྱི་སློབ་གསོའི་ཆུ་ཚད་མཐོ་རུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་བ་མ་ཟད། ད་དུང་བོད་རིགས་ས་ཁུལ་ཆ་འཕྲིན་ཅན་དང་བཟོ་ལས་ཅན་མཉམ་འདྲེས་ཟབ་མོ་བྱེད་པའི་ཕྱོགས་འགྱུར་རིམ་སྤོར་གྱི་ལམ་བུ་དེ་བས་ཡངས་སུ་བཏང་ཡོད།
         མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཁྲི་ཀ་རྫོང་གི་མཚོ་སྔོན་བློ་བཟང་གྲངས་གཞིའི་ཚན་རྩལ་ཚད་ཡོད་ཀུང་སིའི་འགྲེམས་ཁང་ནང་། “བོད་ཆས་སྤྲས་པའི་མི་ལུས་གཡག་མགོ་ཅན་གྱི་ཀློག་འདོན་འཕྲུལ་ཆས་ཤིག་མཐོང་བྱུང་། ངས་འཕྲུལ་ཆས་དེ་འཁྱེར་ནས་དེབ་ཞིག་གི་བོད་ཡིག་དང་། རྒྱ་ཡིག དབྱིན་ཡིག་བཅས་གང་རུང་གི་ཚིག་རྐང་ཞིག་མནན་པས“འཕྲུལ་ཆས་དེས”འཕྲལ་དུ་ཀློག་པ་དང་ཚིག་གྲུབ་བཟོ་གི་འདུག
         ད་དུང་རྒྱ་བོད་སྐད་ཡིག་གཉིས་ཀྱི་ཚན་རྩལ་ཁྱབ་གདལ་འཕྲུལ་མི་དང་། སྨི་གཅིག་ལྷག་ཙམ་ཡོད་པའི་འབྲི་གཡག་དབྱིབས་ཀྱི་འཕྲུལ་མི་ཡོད་ཅིང་། མཚོ་སྔོན་ཞིང་ཆེན་ཞིང་འབྲོག་ཁུལ་གྱི་དངོས་ཡོད་དགོས་མཁོར་དམིགས་ནས་ཞིབ་བཟོ་བྱས་པ་ཞིག་རེད་འདུག འཕྲུལ་མི་དེས་ཞིང་འབྲོག་པའི་ཚན་རྩལ་དང་། ས་མཐོའི་ཚན་རྩལ། ཚན་རྩལ་རྒྱུན་ཤེས། འཕྲོད་བསྟེན་རིམས་འགོག རྒྱལ་ཁབ་ཀྱི་སྲིད་ཇུས། ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཤེས་བྱ་འགྲེལ་བཤད་རྒྱག་ཐུབ་པ་དང་། རྒྱ་བོད་སྐད་ཡིག་གཉིས་ནས་འགྲེལ་བཤད་དང་གསལ་སྟོན་ཡང་བྱེད་ཐུབ་པས། མིག་སྔའི་བར་ཞིང་འབྲོག་ཁུལ་དུ་ཤེས་བྱ་སྣ་ཚོགས་ཁྱབ་གདལ་གཏོང་བའི་ཐོན་རྫས་ཡག་ཤོས་རེད་ལ། རང་རྒྱལ་བོད་རིགས་ས་ཁུལ་གྱི་བོད་སྐད་ཐོག་ནས་འགྲེལ་བཤད་རྒྱག་པའི་འཕྲུལ་མི་དང་པོ་དེའང་རེད།
         མཚོ་སྔོན་བློ་བཟང་གྲངས་གཞིའི་ཚན་རྩལ་ཚད་ཡོད་ཀུང་སི་དེ་2012ལོའི་ཟླ་ལྔ་པར་བཙུགས་པ་དང་། གསར་གཏོད་ཀྱི་ཁེ་བདེ་བདག་ཐོབ་ཁག་2དང་། ཇུས་འགོད་ཀྱི་ཁེ་བདེ་བདག་ཐོབ་ཁག་8 རྩོམ་དབང་ཁག་2 ཐོ་བཀོད་ཚོང་རྟགས་3བཅས་ཡོད་པའི་དབང་བསྐུར་ཡོད། ལོ་ཤས་ནང་ཁེ་ལས་ཀྱིས་ཚན་རྩལ་མཐོ་བའི་ཐོན་རྫས་20ལྷག་ཙམ་ཞིབ་བཟོ་བྱས་པ་དང་། ཕྱིར་ཚོང་ས་ཚིགས་40ལྷག་ཙམ་ཡོད་པ་དེ་ཨ་རི་དང་ཏེན་མག་སོགས་ཀྱི་རྒྱལ་ཁབ་དང་རང་རྒྱལ་གྱི་ཤང་ཀང་དང་། ཐའེ་དབན། མཚོ་སྔོན། བོད་ལྗོངས་སོགས་ས་ཁུལ་དུ་བཙུགས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།