འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་12ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་བདེ་ཆེན་གྱིས་ས་མཐོའི་སྣོད་བཅུད་ཀྱི་ལེགས་ཆར་གཞི་ཚུགས་ནས“དམངས་ཕྱུག་
    བོད་དར”གྱི་ཁྱད་ལྡན་ཞིང་ལས་བཏོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་12ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། “ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་། ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཡིས་ས་མཐོའི་སྣོད་བཅུད་ལེགས་ཆར་གཞི་ཚུགས་ནས་ཁྱད་ལྡན་ཞིང་ལས་ལ་འཕེལ་རྒྱས་གཏོང་བ་དང་། སྲིད་གཞུང་གིས་ཁྲིད་སྟོན་དང་། ཁྲོམ་རས་སྐུལ་གཏོང་། ཞིང་ལས་ཐོན་ལས་ཅན་གྱི་འཕེལ་རིམ་མགྱོགས་སུ་གཏོང་བ་བཅས་བྱས་ཏེ། བོད་རིགས་ས་ཁུལ་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་དེ་གཞི་ཁྱོན་ལྡན་པ་དང་། མྱུར་ཚད་མཐོ་བ། རགས་ལས་འཕེལ་རྒྱས་བཅས་ནས་སྤུས་ཚད་ལེགས་པ་དང། ཕན་འབྲས་བཟང་བ། ལེགས་བསྡུས་ཞིབ་གཉེར་ངང་འཕར་བ་བཅས་བར་འགྱུར་ལྡོག་ཕྱིན་ཏེ། ནས་དང་། རྒུན་འབྲུམ། ཀྲུང་ལུགས་སྨན་རྒྱུ། ཉི་ཤར་བྱ་དེ་སོགས“དམངས་ཕྱུག་བོད་དར”གྱི་ཁྱད་ལྡན་ཐོན་ལས་ཁག་གཅིག་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
         ཡུན་ནན་ནུབ་བྱང་རྒྱུད་དུ་གནས་པའི་བདེ་ཆེན་ནི་རང་བྱུང་ཤུལ་བཞག་གི“གཙང་གསུམ་མཉམ་འདུས”ཀྱི་ལྟེ་བར་གནས་ཡོད་ལ། འཛམ་གླིང་སྐྱེ་བོ་ཀུན་གྱིས་བློ་ཁ་ཕྱོགས་པའི་ཤམ་བྷ་ལའང་ཡིན་ཞིང་། དེའི་ཐུན་མོང་མ་ཡིན་པའི་སྣོད་བཅུད་ཁོར་ཡུག་དང་ཕུན་སུམ་ཚོགས་པའི་སྐྱེ་དངོས་ཐོན་ཁུངས་ཀྱིས་བདེ་ཆེན་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་ཐད་ཡངས་པའི་བར་མཐོངས་དང་སྟེགས་བུ་བཏོད་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། 2014ལོའི་ལོ་མཇུག་བར། བདེ་ཆེན་ཀྲོའུ་རུ་སྤུས་ལེགས་ཞིང་ལས་ཐོན་ཟོག་རྟེན་གཞི་མུའུ་ཁྲི་130བསྐྲུན་པར། འབྲུ་རིགས་ཐོན་འབབ་བསྡོམས་འབོར་ཏུན་ཁྲི་17.73ཟིན་ཡོད། འབྲི་གཡག་དང་ཉི་ཤར་བྱ་དེ་སོགས་གཞི་ཁྱོན་ལྡན་པའི་ཁྱད་ལྡན་གསོ་སྤེལ་ལས་རིགས་ཟམ་མི་ཆད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། ཕྱུགས་རིགས་ཆེ་ཆུང་བཤས་གཏོང་ཚད་ཁྲི་47.33ཟིན་པ། ཤ་རིགས་ཐོན་ཚད་ཏུན་ཁྲི་3.14ཟིན་པ་བཅས་བྱུང་ནས། ཤའི་བཟའ་རིགས་ཁྲོམ་རར་མཁོ་འདོན་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་པ་རེད།
         ས་མཐོའི་ཁྱད་ལྡན་ཞིང་ལས་ཀྱི་མ་བཅོས་རྒྱུ་ཆའི་རྟེན་གཞི་ཟམ་མི་ཆད་པར་རྒྱ་ཆེར་ཕྱིན་ནས། བདེ་ཆེན་ཀྲོའུ་ཡི་ཞིང་ལས་ཐོན་ལས་ཅན་གྱི་སྣེ་འདྲེན་ཁེ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་། ཞིང་ལས་ཐོན་ལས་ཅན་གྱི་ཆུ་ཚད་མངོན་གསལ་དོད་པོས་གོང་མཐོར་ཕྱིན་ཡོད། 2014ལོར་བདེ་ཆེན་ཀྲོའུ་རུ་ཞིང་ལས་ཐོན་ལས་ཀྱི་གཙོ་གནད་སྣེ་འདྲེན་ཁེ་ལས་34ཡོད་པ་རེད།
         དུས་མཚུངས་ཤམ་བྷ་ལའང”དང“གཙང་གསུམ་མཉམ་འདུས”ཀྱི་སྤུས་རྟགས་ཆེན་པོ་གཉིས་ལ་བརྟེན་ནས་བདེ་ཆེན་གྱིས“ལྷད་མེད་དང། སྣོད་བཅུད། སྤུས་ལེགས། བདེ་འཇགས”བཅས་ཀྱི་སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་པ་དང་བདེན་དཔང་ར་སྤྲོད་བྱུང་བའི་སྐྱེ་ལྡན་ཟས་རིགས་དང་། ལྷད་མེད་ཟས་རིགས། སྤྱི་གནོད་མེད་པའི་ཞིང་ལས་ཐོན་ཟོག་བཅས་50དང་ཐོག་མའི་ཐོན་ཡུལ་གྱི་ས་ཁམས་མཚོན་རྟགས་4ངོས་འཛིན་བྱས་པར་བདེ་ཆེན་གྱི་ས་མཐོའི་ཁྱད་ལྡན་ཞིང་ལས་ཕྱོགས་འགྱུར་རིམ་འཕར་ཡོང་རྒྱུར་ནུས་ལྡན་ངང་སྐུལ་མ་ཐེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།