འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སུའེ་ཙེར་གྱི“གཏོང་མཁས་སྤྱོད་མཁས”བྱེད་སྟངས་ནས་ཐོན་ཁུངས་གྲོན་ཆུང་ལ་ལྟ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 16:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མི་རེའི་ཆ་སྙོམས་ཡོང་འབབ་ནས་བལྟས་ཚེ་སུའེ་ཙེར་གོ་ལ་ཧྲིལ་པོའི་ཆེས་ཕྱུག་ཤོས་རྒྱལ་ཁབ་ཀྱི་གྲས་ཤིག་ཡིན་རུང་། ཐོན་ཁུངས་གྲོན་ཆུང་ནས་བལྟས་ཚེ་སུའེ་ཙེར་གྱི“གཏོང་མཁས་སྤྱོད་མཁས”བྱེད་སྟངས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།
         “འཛམ་གླིང་སྤྱི་གླིང”གི་མཚན་སྙན་ལྡན་པའི་སུའེ་ཙེར་གྱིས་ཡོ་རོབ་ཀྱི་གད་སྙིགས་རིགས་འབྱེད་ལམ་ལུགས་ནན་ཤོས་དེ་ལག་བསྟར་བྱེད་ཀྱི་ཡོད།
         སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་ཁོར་ཡུག་སྲུང་སྐྱོང་པུས་མཁོ་འདོན་བྱས་པའི་གད་སྙིགས་རིགས་དབྱེའི་ཕྱོགས་སྟོན་ལ་གཞིགས་ན། སྤྱིར་བཏང་གི་རིགས་དབྱེའི་ནང་རིགས་23ཚུད་ཡོད་པ་དང་རྒྱལ་ཕྲན་མཉམ་འབྲེལ་ཀྲོའུ་ཁག་གི་གད་སྙིགས་རིགས་དབྱེའི་ཚད་གཞི་དེ་བས་ཞིབ་ཚགས་པ་ཞིག་ཡོད་ལ་རིགས་དབྱེའང་ཞིབ་དེ་བས་ཕྲ་བ་ཞིག་ཡོད་པ་དཔེར་ན། སུའུ་ལི་ཧྲེ་ཀྲོའུ་སྲིད་གཞུང་གིས་སྤྲད་པའི་གད་སྙིགས་རིགས་དབྱེའི་ལག་དེབ་ཀྱི་མཐུག་ཚད་ཤོག་གྲངས་108ཡོད་པ་ལྟ་བུའོ།
         གཏན་འབེབས་གཞིར་བཟུང་། སུའེ་ཙེར་གྱི་སྡེ་ཁུལ་གང་རུང་དུ་ཤོག་སྒམ་དང་ཚགས་པར་ངེས་པར་དུ་སོ་སོར་བསྡམས་རྗེས་གད་སྙིགས་ནང་དབྱུགས་དགོས་པ་དང་སྡེ་ཁུལ་ཚང་མར་ཤེལ་དམ་རྙིང་པ་ཚུར་བསྡུའི་སྒམ་བཙུགས་ཡོད་པས་སྒམ་གྱི་ཚོས་གཞིར་གཞིགས་ནས་ཚུར་བསྡུ་བྱེད་དགོས་པ་དང་། ཤེལ་ཏོག་དང་། གློག་རྫས། འགྱིག་དམ་བཅས་རྙིང་པ་རྣམས་ངེས་པར་དུ་གཅིག་གྱུར་ཐོག་སྒོ་རྩིས་ཚོང་ཁང་ལ་ཚུར་བསྡུ་བྱ་རྒྱུར་སྐྱེལ་དགོས་པ། འཚོ་བའི་གད་སྙིགས་དཀྱུས་མ་ངེས་པར་དུ་གཅིག་གྱུར་གྱི་གད་སྙིགས་བླུགས་སྣོད་ནག་པོའི་ནང་བླུགས་དགོས་པ། གློག་ཀླད་དང་བརྙན་འཕྲིན་སོགས་ཁྱིམ་སྤྱོད་གློག་ཆས་རྙིང་པ་འབྲེལ་ཡོད་ཀུང་སིར་གླ་ཆ་སྤྲད་དེ་སྔ་ས་ནས་འབྲེལ་བ་བྱས་ནས་ཚུར་བསྡུ་བྱེད་པར་འབོད་ཀྱི་ཡོད།
         འཁོར་རྒྱུག་ཆོག་པའི་ཟོག་རོ་མང་ཆེ་བ་ཚུར་བསྡུ་ཆོག་པ་དང་ཚུར་བསྡུ་མི་ཆོག་པའི་གད་སྙིགས་གློག་གཏོང་དང་དྲོད་མཁོ་འདོན་ཐད་སྤྱོད་ཀྱི་ཡོད། 2013ལོའི་གྲངས་གཞི་ལས་མངོན་གསལ། བཟོ་ལས་གད་སྙིགས་ལས་ཐོན་པའི་ནུས་རྒྱུས་རྒྱལ་ཡོངས་ཀྱི་ནུས་རྒྱུ་ཟད་གྲོན་བསྡོམས་འབོར་གྱི1.2%བཟུང་གི་ཡོད་པ་དང་བསྡུར་གྲངས་དེ་སུའེ་ཙེར་དུ་རྡོ་སོལ་སྤྱོད་པའི་བསྡུར་ཚད་ལས་བརྒལ་ཡོད། སུའེ་ཙེར་གྱི་སྡེ་ཁུལ་མི་ཉུང་བར་ཆུ་ཚ་པོ་མཁོ་འདོན་བྱེད་ཀྱི་ཡོད་པ་དེ་ནི་གད་སྙིགས་གཙང་བཟོ་བཟོ་གྲྭས་ཡང་བསྐྱར་བེད་སྤྱོད་བྱ་རྒྱུ་མེད་པའི་གད་སྙིགས་མེར་བསྲེགས་ནས་ཚ་པོ་བཟོས་པ་ཞིག་རེད།
         སུའེ་ཙེར་སྲིད་གཞུང་གིས་2011ལོར“2050ལོར་སླེབས་སྐབས་ཀྱི་ནུས་རྒྱུའི་ཐབས་ཇུས”གསར་པ་བཏིང་ནས་ནུས་རྒྱུ་གྲོན་ཆུང་གི་མི་མངོན་པའི་ནུས་པ་འདོན་སྤེལ་དང་ནུས་རྒྱུའི་ལས་ཆོད་ཆེ་རུ་གཏོང་བ་དང་དེ་བཞིན་བསྐྱར་སྐྱེའི་ནུས་རྒྱུ་འཕེལ་རྒྱས་བཏང་ནས་འགྱུར་རྡོའི་ནུས་རྒྱུའི་འཛད་སྤྱོད་ཆུང་དུ་གཏོང་རྒྱུའི་འཆར་གཞི་བཀོད་ཡོད།
         སུའེ་ཙེར་སྲིད་གཞུང་གིས་འཛུགས་སྐྲུན་དང་བཟོ་ལས་ཁྱབ་ཁོངས་ཀྱི་ནུས་རྒྱུ་གྲོན་ཆུང་གི་མི་མངོན་པའི་ནུས་པ་ཆེ་བས་ནུས་རྒྱུའི་སྲིད་ཇུས་གསར་པས་ཁྱིམ་སྤྱོད་གློག་ཆས་དང་། ཐོག་བརྩེགས་ཁང་ཆེན། བཟོ་ལས་ཁེ་ལས། ཞབས་ཞུའི་ལས་རིགས་བཅས་ཀྱི་གློག་ཟད་གྲོན་ལ་ཚོད་འཛིན་ཕོག་སྲིད་པས་2020ལོར་སླེབས་སྐབས་ནུས་རྒྱུ་ཟད་གྲོན་25%དམའ་རུ་གཏོང་ཐུབ་པ་བྱེད་པའི་དམིགས་ཚད་བཏོན་ཡོད་པའི་ངོས་འཛིན་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།