འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོའི་གསེར་དངུལ་སྒོར་མོ་
    ལྷ་སར་འཚོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོའི་གསེར་དངུལ་སྒོར་མོ་
ལྷ་སར་འཚོང་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་18ཉིན་ཀྲུང་གོ་མི་དམངས་དངུལ་ཁང་གིས་འགྲེམས་སྤེལ་བྱས་པའི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་དྲན་གསོའི་གསེར་དངུལ་སྒོར་མོ”དེ་ལྷ་སར་ཐེངས་དང་པོ་འཚོང་འགོ་ཚུགས་པ་དང་དེའི་ནང་ཨང་སི་1/4གི་སྤུས་དག་གསེར་གྱི་སྒོར་མོ་དང་ཨང་སི་1གི་སྤུས་དག་དངུལ་གྱི་སྒོར་མོའི་ཚད་གཞིའི་ཐོན་རྫས་2ཚུད་ཡོད་པ་རེད།
         ཀྲུང་གོ་མི་དམངས་དངུལ་ཁང་ལྷ་ས་ལྟེ་བའི་ཉིང་ལག་དངུལ་ཁང་གི་ཧང་ཀྲང་གཞོན་པ་བློ་བཟང་དགྲ་འདུལ་གྱིས་གསེར་གྱི་སྒོར་མོའི་ནང་གསེར་འདུས་ཚད་ཁེ་7.776(ཨང་སི་1/4)ཡོད་པ་དང་ཚངས་ཐིག་ལ་ཧའོ་སྨི་22ཡོད་པ་དེའི་དངུལ་ཐང་སྒོར་100ཡིན་པའི་ཐོག་རྒྱུ་སྤུས་99.99%ཡིན་ལ་གྲངས་15000འགྲེམས་སྤེལ་བྱས་ཡོད། དངུལ་གྱི་སྒོར་མོའི་ནང་དངུལ་འདུས་ཚད་ཁེ་31.104(ཨང་སི་1)ཡོད་པ་དང་ཚངས་ཐིག་ལ་ཧའོ་སྨི་40ཡོད་པ་དེའི་དངུལ་ཐང་སྒོར་10ཡིན་པའི་ཐོག་རྒྱུ་སྤུས་99.99%ཡིན་ལ་གྲངས་25000འགྲེམས་སྤེལ་བྱས་ཡོད། དེ་དག་ཚང་མ་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁྲིམས་བཅད་དངུལ་ལོར་ཡིན་པ་དང་དྲན་གསོའི་སྒོར་མོའི་ཐོག་གི་རི་མོ་ནི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་རྟགས་ཡིན་པ་དང་འབྲེལ་དེའི་ཐོག་རྒྱལ་ཁབ་ཀྱི་མིང་དང་ལོ་རྟགས་བཅས་བཀོད་པ་དེ་ཧྲང་ཧའེ་སྒོར་མོ་བཟོ་གྲྭ་ཚད་ཡོད་ཀུང་སི་དང་ཧྲེན་ཀྲེན་རྒྱལ་ནོར་སྒོར་མོ་བཟོ་གྲྭ་ཚད་ཡོད་ཀུང་སིས་བཟོས་པ་ཞིག་ཡིན་ལ་ཀྲུང་གོ་གསེར་ཊཾ་སྤྱི་ཁྱབ་ཀུང་སིས་གཙོ་བོ་བརྒྱུད་འཚོང་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
         གསེར་གྱི་སྒོར་མོའི་རྒྱབ་ཏུ་བཀོད་པའི་རི་མོ་ནི་ལྷ་མོའི་འཁྲབ་ཁྱེར་སྒྱུ་རྩལ་གྱི་རྣམ་པ་ཡིན་པ་དང་སྲོལ་རྒྱུན་གྱི་བཀྲ་ཤིས་མཚོན་རྟགས་འཆར་འགོད་བྱས་ཡོད། དངུལ་གྱི་སྒོར་མོའི་རྒྱབ་ཏུ་བཀོད་པའི་རི་མོ་ནི་བོད་བཟོའི་སྡོད་ཁང་དང་། མཚོ་བོད་ལྕགས་ལམ། གངས་རི་སོགས་ཡིན། དྲན་གསོའི་སྒོར་མོ་དེ་གཉིས་ཀར“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བ”ཞེས་པའི་བོད་རྒྱ་ཡིག་རིགས་དང་དངུལ་ཐང་བཀོད་ཡོད་པ་གསར་འགོད་པས་མཐོང་བྱུང་།
         “ཀྲུང་གོ་གསེར་ཊཾ་བོད་ལྗོངས་དམིགས་བསལ་ཆོག་འཐུས་བརྒྱུད་འཚོང་མཁན་གྱིས་ད་ཐེངས་བོད་དུ་དྲན་གསོའི་གསེར་གྱི་སྒོར་མོ་དང་དངུལ་གྱི་སྒོར་མོ་ཆ་ཚང་2000འཚོང་རྒྱུ་ཡིན་པ་དང་ཆ་ཚང་རེར་སྒོར་5500བྱེད་ཀྱི་ཡོད། གཞན་ཡང་ད་དུང་དྲན་གསོའི་དངུལ་གྱི་སྒོར་མོ་1000ལོགས་སུ་འཚོང་རྒྱུ་ཡིན་པ་དང་རེར་སྒོར་800བྱེད་ཀྱི་ཡོད། གལ་ཏེ་དུས་མཇུག་ཏུ་མཁོ་སྤྲོད་བྱེད་མི་ཐུབ་ཚེ་ཀུང་སིས་ཞིང་ཆེན་གཞན་ནས་བཀོད་སྒྲིག་བྱས་ཏེ་བོད་ཀྱི་འཛད་སྤྱོད་པའི་དགོས་མཁོ་སྐོང་རྒྱུ་ཡིན”ཞེས་བོད་ལྗོངས་དངུལ་ཟམ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཧོ་རུང་ཚའེ་ཡིས་དེ་ལྟར་བཤད།
         གསར་འགོད་པས་ཤེས་རྟོགས་བྱས་པར། ད་ཐེངས་ནི་ཀྲུང་གོ་མི་དམངས་དངུལ་ཁང་གིས་འབྲེལ་ཡོད་བོད་ཀྱི་ནང་དོན་མཚོན་པའི་དྲན་གསོའི་སྒོར་མོ་འགྲེམས་སྤེལ་བྱེད་ཐེངས་ལྔ་པ་དེ་ཡིན་པ་དང་དེ་གོང་འགྲེམས་སྤེལ་ཐེངས་བཞི་བྱེད་མྱོང་བའི་དྲན་གསོའི་སྒོར་མོ་ནི“བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་20འཁོར་བར་དྲན་གསོའི་དངུལ་གྱི་སྒོར་མོ”དང་། “བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་50འཁོར་བའི་སྤྱིར་བཏང་དྲན་གསོའི་སྒོར་མོ”“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་50འཁོར་བར་དྲན་གསོའི་གསེར་གྱི་སྒོར་མོ”“མཚོ་བོད་ལྕགས་ལམ་དུ་མེ་འཁོར་ཤར་གཏོང་ཐུབ་པའི་དྲན་གསོའི་གསེར་གྱི་སྒོར་མོ”“བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་60འཁོར་བར་དྲན་གསོའི་གསེར་དངུལ་སྒོར་མོ”བཅས་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།