འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་གྲུབ་འབྲས་ཐོབ་པའི་མན་ངག་ལོངས་སྤྱོད་བྱ་རྒྱུའི་རེ་བ་ཡོད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 16:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ནི་ཆེས་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཅིག་ཡིན་ཞིང་། ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་རྒྱལ་ཁབ་དེའི་འོད་སྟོང་འཕྲོ་བའི་ཤེས་དཔལ་དང་། ཡུན་རིང་ལྡན་པའི་ལོ་རྒྱུས། རིག་གནས་སྣ་མང་ཅན་བཅས་ལས་འཛམ་གླིང་ཐོག་གི་སྐྱེ་བོ་མང་པོའི་ཡིད་དབང་བཀུག་ཡོད། སྟབས་ལེགས་པ་ཞིག་ལ་2013ལོའི་ཟླ་བ་བཞི་པར་རང་ཉིད་ཀྲུང་གོར་གཞུང་ཚབ་ཆེ་མོ་བ་བྱེད་པར་ཡོང་བས་ཀྲུང་གོའི་སྤྱིར་བཏང་མིན་པའི་འཕེལ་རྒྱས་མྱོང་ཚོར་ཐུབ་བྱུང་ལ་ཀྲུང་གོས་མིའི་རིགས་ཀྱི་ཡར་ཐོན་དང་འཛམ་གླིང་གི་ཤེས་དཔལ་འཕེལ་རྒྱས་ཆེད་གཟེངས་སུ་ཐོན་པའི་ལེགས་སྐྱེས་འབུལ་བ་མྱོང་ཚོར་ཟབ་མོའང་བྱུང་།
         གླིང་ཆེན་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོར་གནས་པའི་ཨ་རབ་ཀྱི་རྒྱལ་ཁབ་ཐུ་ནི་སིར་ཐུན་མོང་མ་ཡིན་པའི་ས་བབ་ཀྱི་ལེགས་ཆ་ལྡན་པ་མ་ཟད་ས་དབུས་རྒྱ་མཚོའི་རྒྱལ་ཁབ་ཅིག་ཀྱང་ཡིན་པ་དེར་ལོ་རྒྱུས་ཡུན་རིང་ལྡན་ཡོད། ཐུ་ནི་སི་དང་ཀྲུང་གོའི་དབར་བར་ཐག་ལེ་དབར་ཁྲི་ཕྲག་ཆོད་ཀྱང་རྒྱལ་ཁབ་གཉིས་དབར་འགྲོ་འོང་དང་འབྲེལ་བའི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། གནའ་བོའི་དར་གོས་ལམ་བུ་ལས་ང་ཚོའི་དབར་གྱི་འབྲེལ་བ་དམ་ཟབ་ཏུ་གྱུར་བ་དང་ལོ་ཟླའི་འཕོ་འགྱུར་དང་དུས་མཚུངས་རྒྱལ་ཁབ་གཉིས་དབར་གྱི་མཛའ་མཐུན་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ཡོད།
         འཛམ་གླིང་གི་དཔལ་འབྱོར་དངོས་ཚན་གཉིས་པ་ཡིན་པའི་ཀྲུང་གོ་ནི་དཔལ་འབྱོར་དངོས་ཚན་དང་པོར་མགྱོགས་མྱུར་འགྱུར་ཤས་ཆེ། ཀྲུང་གོས་སྒྲུབ་བཞིན་ཡོད་པའི་བྱ་བ་མང་པོར་ཐུ་ནི་སི་ཚུད་པའི་ཨ་རབ་དང་། གླིང་ཆེན་ཨ་ཧྥེ་རི་ཁ། ས་དབུས་རྒྱ་མཚོའི་ས་ཁུལ་བཅས་ཀྱི་རྒྱལ་ཁབ་ཀྱིས་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཐུ་ནི་སིས་ཀྲུང་གོ་དང་གལ་འགངས་ཤིན་ཏུ་ཆེ་བའི་རྨང་གཞིའི་འཛུགས་སྐྲུན་གྱི་རྣམ་གྲངས་ཁག་གཅིག་གྲོས་མོལ་བྱེད་བཞིན་ཡོད་པས་ཐུ་ནི་སི་དེ་ཀྲུང་གོའི་མཉམ་ལས་རྒྱལ་ཁབ་ཆེན་པོའི་གཟུགས་བརྙན་མངོན་པའི་སྐར་ཁུང་ཞིག་ཏུ་བསྒྱུར་རྒྱུའི་རེ་བ་ཡོད། ན་ནིང་ཐུ་ནི་སི་དང་ཀྲུང་གོའི་དབར་གན་རྒྱ་བཞག་ནས་ཐུ་ནི་སིར་སྨན་ཁང་ཆེན་པོ་ཞིག་བསྐྲུན་རྒྱུ་རེད། སྨན་ཁང་དེས་ཐུ་ནི་སིའི་ས་གནས་དེ་གའི་མང་ཚོགས་ལ་ཞབས་འདེགས་ཞུ་བ་མ་ཟད་ཡོ་རོབ་ནས་ཡོང་བའི་ནད་པའང་དང་ལེན་བྱ་རྒྱུ་རེད།
         ང་ཚོས་ཐུ་ནི་སི་དེ་ཀྲུང་གོར་ངོ་སྤྲོད་བྱ་རྒྱུ་སྨོས་ཅི་དགོས། ང་ཚོས་ཀྲུང་གོར་ཡུལ་སྐོར་དོན་གཅོད་ཁྲུའུ་ཞིག་བཙུགས་ནས་ཀྲུང་གོའི་ཡུལ་སྐོར་བ་ཐུ་ནི་སིར་ཡུལ་སྐོར་དུ་ཡོང་བར་ནུས་ཤུགས་ཡོད་རྒུས་ཞབས་འདེགས་ལེགས་པར་ཞུ་རྒྱུ་ཡིན།
         ཐུ་ནི་སིར་ཀྲུང་ལུགས་གསོ་རིག་སྐད་གྲགས་ཆོད་པས་སྤུས་རྟགས་ཤིག་ཆགས་ཡོད། ཐུ་ནི་སི་བ་སྔར་བས་མང་བས་ཀྲུང་ལུགས་གསོ་རིག་གི་ཕྱོགས་བསྡུས་རང་བཞིན་གྱི་བཅུད་སྦྱོར་ལུས་གསོར་སྣང་ཆེན་བྱེད་པ་ལས་རྫས་འགྱུར་སྨན་རྫས་མང་པོ་བེད་སྤྱོད་གཏོང་མི་དགོས་པ་ཤེས་ཀྱི་ཡོད།
         ཀྲུང་གོས་ལོ་གཉིས་རེར་སྨན་པ་བཅུ་ཕྲག་ཁ་ཤས་ཐུ་ནི་སིར་ལས་ཀ་བྱེད་པར་མངགས་གཏོང་བྱེད་ཀྱི་ཡོད་པ་དང་ན་ནིང་གི་ཟླ་བ་བཅུ་གཉིས་པར་ང་ཚོས་ཀྲུང་གོའི་སྨན་པ་40ལྷག་ཙམ་ལ་སྣེ་ལེན་ཞུས་པ་ཡིན། ཁོང་ཚོས་བྱང་ཆུབ་པའི་ལག་རྩལ་ཐོག་ནས་ས་གནས་དེ་གའི་ནད་པར་སྨན་བཅོས་བྱེད་པ་དང་དུས་མཚུངས་ང་ཚོར་སྨན་པ་གསོ་སྦྱོང་བྱེད་རོགས་བྱས་བྱུང་།
         ངའི་བསམ་པར་ཀྲུང་གོ་སྲིད་གཞུང་ལ་གྲུབ་འབྲས་དེ་འདྲ་ཐོབ་པའི་རྒྱུ་མཚན་ནི་སྲིད་ཇུས་བརྟན་པོ་དང་ཕུགས་ཀྱི་འཆར་འགོད་ལ་རག་ལས་ཡོད། དཔེར་ན་ཀྲུང་གོས་གྲོང་རྡལ་ཅན་འཛུགས་སྐྲུན་བྱེད་པ་དེ་ཐུ་ནི་སིས་སློབ་སྦྱོང་ཐུབ་པའི་ཉམས་མྱོང་ཞིག་རེད། ཀྲུང་གོར་རང་ངོས་ཀྱི་འཕེལ་རྒྱས་དང་འཚམ་པའི་ལམ་བུ་ཞིག་རྙེད་པ་དང་ལྷག་དོན་དུ་བརྟན་ལྷིང་གི་སྤྱི་ཚོགས་གྲུབ་ཆ་ལས་མི་རྣམས་བདེ་སྡོད་ལས་བརྩོན་བྱུང་བ་དེ་གླིང་ཆེན་ཨ་ཧྥེ་རི་ཁ་དང་ཨ་རབ་རྒྱལ་ཁབ་ཀྱིས་ཐོག་མཐའ་བར་གསུམ་དུ་རེ་འདོད་བྱེད་པའི་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་རྣམ་པ་ཞིག་རེད། དེ་ནི་འོད་སྟོང་འཕྲོ་བའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་ཡིན་པར་བརྟེན་ང་ཚོས་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་མན་ངག་དེ་ལོངས་སྤྱོད་བྱ་རྒྱུའི་རེ་བ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།