འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་དམག་མི་རྒན་གྲས་ཀྱིས“ལོ་རྒྱུས་ངོ་མ་མི་རབས་རྗེས་མའི་སེམས་ལ་རི་མོ་བཀོད་པ་
    ལྟར་ངེས་སུ་འཇུག་དགོས”ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་20ཉིན། 16:48】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ད་ལོ་ནི་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས་ཨ་རིའི་པ་ཏན་དང་ཁོའོ་ལུའེ་ཅི་ཏུའོ་ཨེར་འགོག་སྲུང་དམག་མཐུན་ཚོགས་ཀྱི་དམག་མི་རྒན་གྲས་16ཉེ་ཆར་ཨའོ་ཨེར་ལེའང་གསར་པར་བསྐྱོད་དེ་རྒྱལ་ཁབ་ཀྱི་འཛམ་གླིང་དམག་ཆེན་གཉིས་པའི་དྲན་གསོ་ཁང་ལ་ཐུན་མོང་ཐོག་ལྟ་སྐོར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་དུས་རབས་ཕྱེད་ཀ་ལྷག་ཙམ་གོང་གི་རླབས་ཆེན་གྱི་རྒྱལ་ཁ་དེར་དྲན་གསོ་ཞུས་པ་རེད། དྲན་གསོ་ཁང་གི་ཚོམས་ཆེན་གྱི་སྒོ་འཛུལ་སར་སྡོད་སྐབས་དྲན་གསོ་ཁང་གི་དང་བླངས་པ་ལིའུ་ཧོང་གླིང་ཕྲན་གྱི་གཡུལ་འགྱེད་ནང་ཞུགས་མྱོང་བའི་ལོ་96ལ་སླེབས་པའི་དམག་མི་རྒན་གྲས་ཝུའེ་ཚིར་གིས་ཁོང་གི་གྲོགས་པོ་རྒན་གྲས་ཚོ་འཕྲད་པ་རེད། དམག་འཁྲུག་གི་ཉམས་སད་ཐེག་པ་གཅིག་མཚུངས་ཡིན་པས་འཕྲད་སྐབས་དེ་བས་བརྩེ་དུང་ལྡན་པ་ཞིག་ཡོད། ཕན་ཚུན་གུས་འདུད་ཞུས་རྗེས་འདར་སིག་སིག་གི་ལག་པ་དམ་པོར་སྦྲེལ།
         1941ལོའི་ཟླ་བ་12པར་མུ་ཏིག་གྲུ་ཁར་འཇབ་རྒོལ་ཕོག་ནས་ཡུན་རིང་མ་སོང་བར་རི་པིན་གྱིས་སླར་ཡང་ཧྥི་ལི་ཕིན་གྱི་ཁེ་ལ་ཁེ་གནམ་ཐང་གི་ཨ་དམག་གི་རྒྱང་ཤར་མཁའ་དམག་རྟེན་གཞིར་འཇབ་རྒོལ་བྱས་པས་ཨ་རིའི་རྒྱང་ཤར་མཁའ་དམག་ལ་གྱོང་གུན་ཚབས་ཆེན་ཕོག་པ་དང་དེ་རྗེས་པ་ཏན་ཕྱེད་གླིང་དང་ཁོའོ་ལུའེ་ཅི་ཏུའོ་ཨེར་གླིང་ཕྲན་དུ་འཐེན་སྲུང་བྱས་པ་དང་འབྲེལ་མཁོ་སྤྲོད་དང་དཔུང་རོགས་དཀོན་པའི་གནས་ཚུལ་འོག་དཔའ་ངར་ཞུམ་མེད་ངང་ཟླ་བ་4འགོག་རྒོལ་བྱས་མཐར་1942ལོའི་ཟླ་བ་5པར་རི་དམག་ལ་མགོ་བཏགས་ཞུས་པ་རེད། དེ་རྗེས་ཁོང་ཚོ་རི་དམག་གིས་ཉེས་རྡུང་དྲག་པོས་མནར་གཅོད་བཏང་བ་དང་འབྲེལ་རི་པིན་གྱི་ཁེ་ལས་ཀྱིས་བཙན་ཤེད་ངང་ངལ་རྩོལ་བཟོ་པ་བྱེད་དུ་བཅུག་ནས་1945ལོའི་ཟླ་བ་9པར་གཞི་ནས་གློད་པ་རེད། བསྡོམས་རྩིས་ནང་དེའི་རིང་ཨ་རིའི་བཟུང་དམག་ཁྲི་1.5ཙམ་རི་དམག་གི་མནར་གཅོད་དང་དམར་གསོད་འོག་ཤི་བ་རེད།
         ལོ་རྒྱུས་བརྗེད་པ་ནི་རྒྱབ་གཏོད་བྱས་པ་མཚོན། “མི་རྣམས་ཀྱིས་ལོ་རྒྱུས་དུམ་བུ་དེ་བརྗེད་བཞིན་ཡོད་ཀྱང་རི་པིན་སྲིད་གཞུང་གིས་དམངས་ཚོགས་ལ་ལོ་རྒྱུས་དུམ་བུ་དེ་རྐང་བཙུགས་ནས་ཤེས་སུ་འཇུག་གི་མེད”མེ་ལི་ཅན་སློབ་ཆེན་ལོ་རྒྱུས་ཚན་ཁག་གི་དགེ་རྒན་ཆེ་མོ་བ་ཁུའུ་ཚི་ཉི་ཁེས་གསར་འགོད་པར་ཨ་རིའི་ལོ་རྒྱུས་སློབ་དེབ་མང་ཆེ་བའི་ནང་འཛམ་གླིང་དམག་ཆེན་གཉིས་པའི་ནང་ཨ་དམག་གིས་ཧྥི་ལི་ཕིན་དང་ཀྲུང་གོར་རི་པིན་བཙན་འཛུལ་བ་དང་དམག་འཐབ་བྱས་པའི་གནས་ཚུལ་ཞིབ་ཕྲ་བཤད་མེད་པ་རེད། “ང་ཚོས་བརྗེད་འགོ་ཚུགས་ཡོད”ཅེས་དམག་མི་རྒན་གྲས་ཏན·ཁེ་ལའོ་ལིས་སྐད་ཆ་དེ་ཤོད་སྐབས་འུ་ཐུག་པའི་རྣམ་འགྱུར་མངོན་གྱི་ཡོད་ཅེས་བཤད།
         ད་ཕན་ལོ་གཉིས་རིང་རི་པིན་སྨྱན་སྦྱོར་གྱིས“པ་ཏན་གྱི་སྲོག་བསྡོས་དཔུང་སྐྱོད”ཁས་མི་ལེན་པའི་གནས་ཚུལ་ཐོན་ཡོད། པ་ཏན་དང་ཁོའོ་ལུའེ་ཅི་ཏུའོ་ཨེར་གཡུལ་འགྱེད་ཀྱི་བཟུང་དམག་《གསོན་པོར་ཁྱིམ་དུ་ལོག་འགྲོ པ་ཏན་གྱི་སྲོག་བསྡོས་དཔུང་སྐྱོད་དངོས་སུ་བརྒྱུད་པའི་སྐོར་བཀོད་པ》ཞེས་པའི་དེབ་ཀྱི་རྩོམ་པ་པོ་ལེ་སི་ཐེ·ཐན་ཉིས་ཨ་རིའི་དམག་མི་རྒན་གྲས་ལ་རི་པིན་གྱི་ཁེ་ལས་ཆེ་གྲས་ཀྱིས་དངོས་སུ་དགོངས་སེལ་ཞུ་དགོས་ཞེས་ཐེངས་མང་རེ་འབོད་བྱས་པར་རི་པིན་གྱི་དུས་དེབ་ཅིག་གི་སྐྱོན་བརྗོད་ཀྱང་ཕོག་ཡོད།
         “དེ་ནི་ཨན་པེ་སྲིད་གཞུང་གིས་རི་པིན་བཙན་འཛུལ་བའི་སྡིག་ཉེས་ཁས་མི་ལེན་པར‘ཚུན་ཧྲན་གྱི་གླེང་མོལ’གཡོ་འགུལ་གཏོང་རྒྱུའི་རེ་ངན་འཆང་བའི་བྱེད་སྤྱོད་རབ་དང་རིམ་པ་ཡིན། གལ་སྲིད་‘ཚུན་ཧྲན་གྱི་གླེང་མོལ’ལ་བཟོ་བཅོས་བརྒྱབ་ཚེ་ཨ་རིའི་བཟུང་དམག་ལ་དགོངས་སེལ་ཞུ་རྒྱུར་ཡང་གཡོ་འགུལ་ཐེབས་སྲིད”ཅེས་ཝ་ཧྲིང་ཐོན་གྱི་མིང་ལ་“ཡོན”ཞེས་པའི་ཨ་རི་དང་རི་པིན་གྱི་འབྲེལ་བའི་ཞིབ་འཇུག་སུའོ་ཡི་དཔོད་ཁུག་ནང་རྩོམ་ཡིག་སྤེལ་ནས་བྲིས་ཡོད།
         མཐུན་ཚོགས་ཀྱི་ཚོགས་གཙོ་ཅན·ཐང་མུའུ་སིས“དམག་མི་རྒན་གྲས་རྣམས་ནི་ཆེས་རྩ་ཆེའི་ལོ་རྒྱུས་གསོན་པོ་ཞིག་ལྟར་ཡིན། ད་ཆ་རི་པིན་སྲིད་གཞུང་གིས་མི་རྣམས་ཀྱི་མིག་གཉིས་བཀབ་སྟེ་གནས་ཚུལ་ངོ་མ་སྤེལ་རེ་བྱེད་མཁན་རི་པིན་གྱི་གསར་འགོད་པར་གནོན་ཤུགས་སྤྲད་དེ་མི་རྣམས་ལ་དུས་རབས་གོང་མའི་ལོ་རབས་30པར་ན་ཙི་རིང་ལུགས་ཀྱི་བྱེད་སྟངས་དྲན་དུ་འཇུག་གི་ཡོད། ང་ཚོས་འབད་བརྩོན་དེ་བས་ཆེ་བ་བྱས་ཏེ་ལོ་རྒྱུས་ངོ་མ་མི་རབས་རྗེས་མའི་སེམས་ནང་རི་མོ་བཀོད་པ་ལྟར་ངེས་སུ་འཇུག་དགོས”ཞེས་གསར་འགོད་པར་བཤད།
      

    ཕྱོགས་བསྡུས་གསར་འགྱུར།