འཚོལ་བཤེར།   
藏文频道
2015ལོའི་ཟླ་7ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་བཞི་ཡི་ནང་བོད་ལྗོངས་ཀྱི་གློག་གཏོང་འཕྲུལ་ཚན་ནས་གློག་འདོན་ཚད་74.2%འཕར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 07ཚེས་16ཉིན། 14:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་ཀྱི་ནུས་རྒྱུའི་གློག་ཤུགས་དེ་ཉིད་ཆུང་བ་ནས་ཆེ་བའི་བར་འཕེལ་རྒྱས་ཕྱིན་པ་དང་། གློག་ཁང་འཛུགས་སྐྲུན་མགྱོགས་མྱུར་ངང་རྒྱ་ཆེར་ཕྱིན་ནས་ན་ནིང་གི་ལོ་མཇུག་བར་གློག་གཏོང་འཕྲུལ་ཚན་ནས་གློག་འདོན་ཚད་ཆན་ཝ་ཁྲི་169.7ཟིན་པ་དང་འཕྲུལ་ཚན་ནས་མི་རེར་ཆ་སྙོམས་གློག་འདོན་ཚད་ཆན་ཝ་0.534ཟིན་པ་དེ་2010ལོ་ལས་74.2%འཕར་བ་དང་། ན་ནིང་གི་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་32.12ཟིན་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་མཁོ་བའི་གློག་གཞི་རྩའི་ཆ་ནས་འགན་ལེན་བྱས་ཡོད།
         ཉེ་བའི་ལོ་ཤས་རིང་བོད་ཀྱིས་ཆུ་གློག་གཙོ་བོར་བྱེད་པ་དང་ས་འོག་ཚ་ནུས་དང་། རླུང་ནུས། ཉི་ནུས་སོགས་ནུས་མང་གསབ་རེས་ཀྱི་མ་ལག་གསར་པ་ཞིག་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱས་པས་གློག་དྲ་འཛུགས་སྐྲུན་ལ་འཕེལ་རྒྱས་ཆེན་པོ་བྱུང་བ་དང་། གློག་གཏོང་འཕྲུལ་ཚན་ནས་གློག་འདོན་ཚད་ལོ་རེ་བཞིན་འཕར་བཞིན་ཡོད། བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་གྲངས་གཞིའི་ཐོག་ནས་ན་ནིང་གི་ལོ་མཇུག་བར་ཆུ་གློག་འཕྲུལ་ཚན་ནས་གློག་འདོན་ཚད་ཆན་ཝ་ཁྲི་105.7ཟིན་པ་དང་། འབར་སྣུམ་མེ་གློག་འཕྲུལ་ཚན་ནས་གློག་འདོན་ཚད་ཆན་ཝ་ཁྲི་39ཟིན་པ། ཉི་ནུས་འོད་ཤུགས་གློག་ཁང་ནས་གློག་འདོན་ཚད་ཆན་ཝ་ཁྲི་19.9ཟིན་པ། རླུང་གློག་འདོན་ཚད་ཆན་ཝ་ཁྲི་0.75ཟིན་པ། ས་འོག་ཚ་ནུས་གློག་ཁང་ནས་གློག་འདོན་ཚད་ཆན་ཝ་ཁྲི་2.7ཟིན་པ། འཕྲུལ་ཚན་གཞན་དག་(ནུས་འཕྲོ་གློག་གཏོང)ནས་གློག་འདོན་ཚད་ཆན་ཝ་ཁྲི་1.6ཟིན་པ་བཅས་མངོན་ཡོད།
         གསར་འགོད་པས་བཅར་འདྲི་བྱས་པ་བརྒྱུད“ལོ་ལྔ་ཚན་བཅུ་གཉིས་པ”ནས་བཟུང་བོད་ཀྱིས་ཆབ་མདོའི་གསེར་ཆུ་དང་། ལྷ་སའི་འབྲི་གུང་། མངའ་རིས་ཀྱི་སེང་གེ་ཁ་འབབ། ཉིང་ཁྲིའི་ཞོ་ཁ། ཉིང་ཁྲིའི་དངོས་ཨ་ཕྲང་། ལྷ་སའི་ཕུ་མདོ་སོགས་ཆུ་ཤུགས་གློག་ཁང་སྔ་རྗེས་སུ་བསྐྲུན་པ་དང་། ལྷ་སའི་གདོང་དཀར་འཕྲལ་སྡོམ་གློག་ཁང་དང་། བར་བརྒལ་གློག་ཁང་། མེ་ཤུགས་གློག་ཁང་དང་། མངའ་རིས་དང་ཆབ་མདོའི་འཕྲལ་སྡོམ་གློག་ཁང་སོགས་མེ་གློག་འཕྲུལ་ཚན་བཙུགས་པ། བོད་དབུས་དང་མངའ་རིས་ཀྱི་དྲ་སྦྲེལ་འོད་ཤུགས་གློག་ཁང་ཆེ་གྲས་སོགས་ནུས་རྒྱུ་གསར་པའི་རྣམ་གྲངས་དང་གྲོང་གསེབ་ཀྱི་ཆུ་གློག་དང་ཐར་ཐོར་འོད་ཤུགས་མ་ལག་ཆུང་གྲས་ཁག་གཅིག་འཛུགས་སྐྲུན་བྱས་ཡོད་པ་ཤེས་རྟོགས་བྱུང་།
         ལོ་8ཙམ་འགོར་བ་དང་ཁྱོན་མ་འཇོག་སྒོར་དུང་ཕྱུར་96བྱས་པའི་རྫམ་ཆུ་ཤུགས་གློག་ཁང་ན་ནིང་གི་ཟླ་བ་བཅུ་གཅིག་པར་གློག་གཏོང་འགོ་ཚུགས་པ་དང་། འཕྲུལ་ཚན་6ནས་ཁྱོན་གློག་འདོན་ཚད་ཆན་ཝ་ཁྲི་51ཟིན་པ་ནི་བོད་ཀྱི་གློག་ཤུགས་འཕེལ་རྒྱས་ལོ་རྒྱུས་ཐོག་ཆན་ཝ་ཁྲི་10རིམ་པ་ནས་ཆན་ཝ་ཁྲི་50རིམ་པ་བར་འཕེལ་རྒྱས་བྱུང་བའི་མཚོན་བྱེད་རང་བཞིན་གྱི་ལས་གྲྭ་ཞིག་ཡིན། ཆུ་ཤུགས་གློག་ཁང་དེས་བོད་དབུས་གློག་དྲའི་གློག་མཁོ་འདོན་དཀའ་བའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་ཐུབ་པ་དང་། ལྷག་པར་དུ་དགུན་དུས་ཡུན་རིང་གློག་དཀོན་པའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ནས་འདི་ལོ་འཕྲུལ་ཚན་ཚང་མ་ནས་གློག་གཏོང་ཐུབ་རེ་ཡོད་པ་རེད།
         “ན་ནིང་ལྗོངས་ཡོངས་སུ་གློག་གཏོང་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར་32.12ཟིན་པ་དེ་དུས་མཚུངས་ལས་10.2%འཕར་བ་དང་མཚོ་བོད་ཐད་རྒྱུག་ལ་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་8.38ཟིན་པ་དེ་དུས་མཚུངས་ལས་13.6%འཕར་ཡོད། ན་ནིང་དགུན་དུས་སུ་གློག་མཁོ་སྤྲོད་མི་འདང་བའི་གནས་ཚུལ་དང་། བོད་དབུས་གློག་དྲར་འབར་སྣུམ་འཕྲུལ་ཚན་ནས་གློག་གཏོང་དགོས་པ། གློག་སྒོ་བསྡམས་ནས་གློག་ཚོད་འཛིན་བྱེད་དགོས་པ། བདེ་འཇགས་ཐོན་སྐྱེད་ཀྱི་ལས་འཛོལ་བཅས་ཀྱི་གནས་ཚུལ་མི་ཐོན་པའི་དམིགས་ཚད་མངོན་འགྱུར་བྱས་ཡོད”ཅེས་བོད་རང་སྐྱོང་ལྗོངས་ནུས་རྒྱུ་ཅུས་ཀྱི་འགན་འཁུར་བ་ཞིག་གིས་ངོ་སྤྲོད་བྱས་ནས་བཤད་བྱུང་།
         “ལོ་ལྔ་ཚན་བཅུ་གཉིས་པའི”རིང་བོད་ཀྱིས་ས་གནས་དེ་གའི་ཆན་ཕུའུ་220ཡི་གློག་གཏོང་གློག་སྒྱུར་ལས་གྲྭ་དང་པོ་དེ་བསྐྲུན་ནས་གློག་དྲའི་གློག་གནོན་རིམ་པ་མཐོ་ཤོས་ཆན་ཕུའུ་110ནས་ཐད་རྒྱུག་±ཆན་ཕུའུ་400དང་། སྤེལ་རྒྱུག་ཆན་ཕུའུ་500བར་མཐོ་རུ་ཕྱིན་ཡོད། མཚོ་བོད་ཐད་རྒྱུག་དྲ་སྦྲེལ་ལས་གྲྭ་དེས་བོད་དབུས་གློག་དྲ་ཁེར་རྐྱང་འཁོར་རྒྱུག་བྱེད་པའི་ལོ་རྒྱུས་མཇུག་འགྲིལ་ནས་གློག་དཀོན་པའི་འགལ་བ་ཞི་ལྷོད་དུ་གཏོང་བའི་ཐད་ནུས་པ་གལ་ཆེན་ཐོན་ཡོད། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་ནས་གློག་གཏོང་འགོ་ཚུགས་པ་དེས་ཆབ་མདོའི་གློག་དྲའི་གློག་དཀོན་པའི་གནད་དོན་གཞི་རྩའི་ཆ་ནས་ཐག་གཅོད་བྱས་ཐོག་བོད་གློག་ཕྱིར་གཏོང་གི་གློག་གཏོང་ཐེངས་དང་པོར་རྨང་གཞི་བཏིངས་ཡོད། ན་ནིང་ལོ་མཇུག་བར་བོད་ཀྱི་གློག་གཏོང་སྐུད་ལམ་གྱི་སྤྱིའི་རིང་ཚད་སྤྱི་ལེ་ཁྲི་3ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།