འཚོལ་བཤེར།   
藏文频道
2015ལོའི་ཟླ་6ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཨུ་རུ་སུའི་དཔལ་འབྱོར་དུས་མཚུངས་ལས་2.4%ཆག་པ། 

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 06ཚེས་04ཉིན། 11:13】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡིས་ཚེས་1ཉིན་ཁྱབ་བསྒྲགས་བྱས་པའི་དཔལ་འབྱོར་དབྱེ་ཞིབ་སྙན་ཞུ་ལས་མངོན་པར། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་ཨུ་རུ་སུའི་དཔལ་འབྱོར་ན་ནིང་གི་དུས་མཚུངས་ལས་2.4%ཆག་པ་དང་། དེའི་ནང་ཟླ་བཞི་པའི་དཔལ་འབྱོར་དུས་མཚུངས་ལས་4.2%ཆག་ཡོད་པ་རེད།
         སྙན་ཞུའི་ནང་ད་ལོ་ཚུན་དུ་ཨུ་རུ་སུའི་དཔལ་འབྱོར་རྒྱུན་མཐུད་ཉམས་རྒུད་བྱུང་ནས་ཟླ་དང་པོར་དུས་མཚུངས་ལས་1.4%ཆག་པ་དང་། ཟླ་གཉིས་པར་1.3%ཆག་པ། ཟླ་གསུམ་པར་2.7%ཆག་པ། ཟླ་བཞི་པར་ཆག་ཚད་4.2%བར་མཐོ་རུ་ཕྱིན་ཡོད།
         ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡིས་ངོས་འཛིན་བྱས་པ་ལྟར་ན་ད་ལོའི་ཟླ་བཞི་པར་ཨུ་རུ་སུའི་དཔལ་འབྱོར་ཆག་ཚད་མཐོ་རུ་ཕྱིན་པའི་རྒྱུ་རྐྱེན་ནི་བཟོ་སྐྲུན་ལས་རིགས་དང་། གཏེར་འདོན་ལས་རིགས། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས། ཨར་སྐྲུན་ལས་རིགས་བཅས་ཉམས་རྒུད་མགྱོགས་སུ་ཕྱིན་པ་དང་། ནང་འདྲེན་ཁྲལ་འབབ་ཉུང་དུ་ཕྱིན་པ། སིལ་ཚོང་ཉོ་ཚོང་དངུལ་གྲངས་ཉུང་དུ་ཕྱིན་པ། གཏན་འཇགས་རྒྱུ་ནོར་ལ་མ་འཇོག་བྱེད་ཚད་ཆག་པ། རྡོ་སྣུམ་དང་རང་བྱུང་སོལ་རླངས་ཕྱིར་གཏོང་དེ་བས་ཉུང་དུ་ཕྱིན་པ་བཅས་ཡིན་པ་རེད།
         རྒྱལ་ཁབ་ཀྱི་བཀག་སྡོམ་ཕོག་པ་དང་རྒྱལ་སྤྱིའི་སྣུམ་རིན་ཆག་འཕར་གྱི་ཤུགས་རྐྱེན་ཕོག་ནས་ཨུ་རུ་སུའི་དཔལ་འབྱོར་ཆག་པའི་གནོན་ཤུགས་ཆེ་རུ་ཕྱིན་ཡོད། ཨུ་རུ་སུའི་དཔལ་འབྱོར་འཕེལ་རྒྱས་པུའུ་ཡི་སྔོན་དཔག་ལ་གཞིགས་ན། ད་ལོའི་ཨུ་རུ་སུའི་དཔལ་འབྱོར་ན་ནིང་གི་དུས་མཚུངས་ལས་2.8%ཆག་པ་དང་། དུས་སང་ཨུ་རུ་སུའི་དཔལ་འབྱོར་2.3%འཕར་རྒྱུ་ཡིན་པ་རེད། འོན་ཀྱང་དབྱེ་ཞིབ་མི་སྣའི་སྔོན་དཔག་བྱས་འབྲས་ཨུ་རུ་སུའི་གཞུང་ཕྱོགས་ཀྱི་སྔོན་དཔག་ལས་སྐྱོ་བ་ཡོད། ཨུ་རུ་སུའི་དཔལ་འབྱོར་མཁས་ཅན་གྱིས་ད་ལོའི་ཨུ་རུ་སུའི་དཔལ་འབྱོར་དུས་མཚུངས་ལས་4.2%ཆག་རྒྱུ་དང་དུས་སང་ཕྲན་འཕར་0.3%ཡོང་བའི་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།