འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་གཞུང་ལམ་ལམ་རྒྱུད་ལོ་འཁོར་གྱི་རང་བྱུང་གནོད་འཚེ་ཐོན་མང་བའི་དུས་ལ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་25ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། མིག་སྔར་ཁྲོན་བོད་གཞུང་ལམ་རྒྱུད་ཀྱི་གངས་འཁྱགས་བཞུར་བ་མ་ཟད། ཆར་ཆུ་ཡང་ཡང་བབས་ནས་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཐོན་མང་དུ་འགྲོ་བཟོ་ཡོད། བོད་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཨུ་ལྷན་གྱིས་ཁྲོན་བོད་གཞུང་ལམ་བརྒྱུད་དེ་སྒེར་འཁོར་བཏང་ནས་བོད་དུ་ཡུལ་སྐོར་བྱེད་མཁན་དང་། རྐང་འཁོར་བཞོན་ནས་བོད་དུ་ཡུལ་སྐོར་བྱེད་མཁན། རྐང་ཐང་མར་བོད་ལ་ཡུལ་སྐོར་བྱེད་མཁན་བཅས་དང་། དེ་བཞིན་འགྲོ་འོང་བྱེད་མཁན་ཁ་ལོ་བས་གནམ་གཤིས་སྔོན་བརྡའི་ཆ་འཕྲིན་ལ་དོ་སྣང་བྱེད་དགོས་པ་དང་དལ་བུར་བསྐྱོད་ནས་འགྲོ་སྐྱོད་བདེ་འཇགས་ཡོང་བ་བྱེད་དགོས་པའི་དྲན་སྐུལ་བྱས་པ་རེད།
         ཆ་སྙོམས་ས་བབ་མཐོ་ཚད་སྨི་3000ཡན་ཟིན་པའི་ཁྲོན་བོད་གཞུང་ལམ་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ་2400ལྷག་ཙམ་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བོད་འདི་ཉིད་ལོ་ལྟར་ཆར་དུས་ལ་སླེབས་སྐབས་ཐོག་སེར་སོགས་གཏད་རྒྱུག་གནམ་གཤིས་རིམ་བཞིན་མང་དུ་ཕྱིན་ནས་ཁྲོན་བོད་གཞུང་ལམ་བོད་ལྗོངས་ཆབ་མདོའི་ས་ཁོངས་ཀྱི་ར་འོག་མཚོ་དང་ཉིང་ཁྲིའི་ས་ཁོངས་ནང་གི་སྨྱུག་ཐར་རོང་སོགས་ཀྱི་ལམ་དུམ་དུ་འདམ་རྡོའི་ཆུ་རུད་དང་། རི་ཉིལ་བ། རྦབ་རྡོ་ལྷུངས་བ་སོགས་ཀྱི་རང་བྱུང་གནོད་འཚེ་ཡང་ཡང་ཐོན་གྱི་ཡོད། རྒྱལ་ལམ་318རྒྱུད་ཀྱི་102རི་ཉིལ་བའི་གནོད་འཚེ་ཐོན་མང་ཁུལ་དང་དེ་བཞིན་ཐང་སྨད་ནས་ལམ་སྐྱོང་ས་ཚིགས་105བར་གྱི་ལམ་དུམ་ནི་ཁྲོན་བོད་གཞུང་ལམ་ཐོག་ཉེན་ཁ་ཆེ་ཤོས་ལམ་དུམ་ནང་ནས་ཉེན་ཆེའི་ལམ་དུམ་རེད། ཆབ་མདོ་གྲོང་ཁྱེར་སྨར་ཁམས་རྫོང་གྲུ་ཁ་གྲོང་རྡལ་ལྕོག་སྤེ་རིའི་ལམ་དུམ་དུ་རི་གཟར་ལ་གུག་ཆ་མང་བ་དང་། གཞོགས་གཅིག་བྲག་རི་དང་གཞོགས་གཅིག་གཙང་པོ་ཡིན་པས་འདམ་རྡོའི་ཆུ་རུད་དང་རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་མང་པོ་ཐོན་གྱི་ཡོད།
         ཁྲོན་བོད་གཞུང་ལམ་ལམ་རྒྱུད་དུ་རང་བྱུང་གནོད་འཚེ་ཐོན་མང་བའི་དུས་ལ་སླེབས་པར་གཞིགས་ནས་ས་གནས་དེ་གའི་འགྲོ་ལམ་མྱུར་བཟོ་མི་སྣས་ལྕགས་དྲ་བརྟན་གཏོང་དང་། ལམ་ཟད་སར་ལྷན་པ་རྒྱག་པ། འཁྱག་ཐེབས་གངས་གསོག་ལམ་དུམ་དུ་ཉེན་གཏོང་བརྡ་རྟགས་འཛུགས་པ། འགྲོ་ལམ་གཙང་བཟོའི་ལས་དོན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཁར་གནམ་གཤིས་དྲག་ཞན་ལ་མ་བལྟོས་པར་དུས་ངེས་མེད་ཀྱིས་སྐོར་ཞིབ་ཀྱང་བྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།