འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་ཀྱིས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་ནས་
    ལོ་70འཁོར་བར་དྲན་གསོ་ཞུས་པ།

    དྲུང་ཆེ་ཕན་ཅི་ཝུན་གྱིས་དྲན་གསོའི་ཚོགས་ཆེན་ཐོག་ཤིས་ཚིག་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་08ཉིན། 08:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་ཟླ་5ཚེས་5ཉིན་གྱི་སྔ་དྲོ་ཉིའུ་གཡོད་མཉམ་འབྲེལ་རྒྱལ་ཚོགས་སྤྱི་ཁྱབ་པུའི་དྲུང་ཡིག་ཁྲུའུ་ཡི་ཐོག་བརྩེགས་ཁང་པའི་མདུན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཅི་ཝུན་དང་སྐབས་69པའི་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་ཀྲུའུ་ཞི་ཁུའུ་ཐའེ་ས། ཚོགས་མིའི་རྒྱལ་ཁབ་45ཡི་མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་འཐུས་མི་དང་ལྷན་དུ་སེའུ་ཡི་སྡོང་པོ་གཅིག་བཏབ་པ་དེ“ཞི་བདེ་དང་མཐུན་སྒྲིལ་གྱི་འགྱུར་མེད་མཚོན་རྟགས”ལ་བརྩིས་ནས་འཛམ་གླིང་དམག་ཆེན་གཉིས་པར་རྒྱལ་ཁ་ཐོབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་བཙུགས་ནས་ལོ་70འཁོར་བར་དྲན་གསོ་ཞུས་པ་རེད།
         དྲུང་ཆེ་ཕན་ཅི་ཝུན་གྱིས་དྲན་གསོའི་ཚོགས་ཆེན་ཐོག་ཤིས་ཚིག་གསུངས་པའི་ནང་ལོ་70ཡི་གོང་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་བྱེད་མཁན་གྱིས་ཁྲག་དྲོན་གྱིས་ཚོས་པའི་དམག་འཁྲུག་གི་ཞིག་རོའི་ཐོག་ཏུ་ས་བོན་བཏབ་ནས་རྒྱལ་སྤྱིའི་རྩ་འཛུགས་གསར་རྐྱང་ཞིག་གིས་མིའི་རིགས་འཇིགས་སྐུལ་ལས་ཐར་བ་དང་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་ཁྲིད་སྟོན་བྱ་རྒྱུའི་རེ་བ་བཏོན་པ་རེད། ལོ་70ཡི་རིང་མཉམ་འབྲེལ་རྒྱལ་ཚོགས་ལ་འགྲོ་བ་མིའི་ཐོབ་ཐང་དང་། རྒྱལ་སྤྱིའི་བདེ་སྲུང་། དེ་བཞིན་མིའི་རིགས་ཀྱི་འཕེལ་རྒྱས་སོགས་ཁྱབ་ཁོངས་མང་པོར་མི་རྣམས་སྤོབས་པ་སྐྱེ་བའི་གྲུབ་འབྲས་ཐོབ་ཡོད། འོན་ཀྱང་གདོང་ཐུག་དང་ཟིང་ཆ་སོགས་འགལ་རྐྱེན་དང་འགྲན་སློང་མང་པོ་ཡང་འཕྲད་ཡོད་ཅེས་འཁོད་ཡོད། 
         ཁུའུ་ཐའེ་ས་ཡིས་ཤིས་ཚིག་གསུངས་པའི་ནང་འཛམ་གླིང་དམག་ཆེན་གཉིས་པས་མིའི་རིགས་ལ་གདུག་རྩུབ་ཆེ་བའི་རྩུབ་སྤྱོད་དང་། བརྗོད་པར་དཀའ་བའི་སྐྱོ་ཤས། དེ་བཞིན་དད་སེམས་དང་མི་གཤིས་ལ་མནར་གཅོད་བཏང་བ་བཅས་བྱས་ཡོད། དེ་རིང་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱིས་དམིགས་བསལ་ཚོགས་འདུ་འཚོགས་ནས་དམག་འཁྲུག་ནང་ཚེ་སྲོག་ཤོར་བའི་གནོད་འཚེ་ཕོག་མཁན་གྲངས་ལས་འདས་པར་དྲན་གསོ་ཟབ་མོ་ཞུ་རྒྱུ་དང་དུས་མཚུངས་རྒྱལ་ཁབ་ཁག་ལ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་བློ་བརྟན་འགྱུར་མེད་ཀྱི་འདུན་པར་ཕྱིར་མིག་ལྟ་བའི་གོ་སྐབས་རག་པ་བྱ་རྒྱུ་ཡིན་པ་དེ་ཡང་འབད་བརྩོན་གང་ཡོད་བྱས་ནས་དམག་འཁྲུག་གིས་མིའི་རིགས་ལ་བཟོས་པའི་སྡུག་བསྔལ་སྔོན་འགོག་དང་ཉུང་དུ་གཏོང་རྒྱུ་དེ་རེད་ཅེས་བསྟན་ཡོད། 
         ཁུའུ་ཐའེ་ས་ཡིས་དེ་རིང་བཏབ་པའི“རྒྱལ་སྤྱིའི་ཞི་བདེ་དང་མཐུན་སྒྲིལ་གྱི་ཤིང་སྡོང”འདི་ནི《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱིས་སྤྲད་པའི་ལས་འགན་དོན་གཉེར་བྱ་ཆེད་རང་སྲོག་བློས་བཏང་བའི་དཔའ་བོ་ཚོར་དྲན་གསོ་ཞུ་ཆེད་ཡིན་པ་དང་དུས་མཚུངས་རྒྱལ་ཁབ་གཞན་ལ་བཙན་གནོད་མི་བྱེད་པ་དང་། རྩོད་གཞི་ཞི་བས་ཐག་གཅོད་བྱེད་པ། འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོང་བྱེད་པ་སོགས་མཉམ་འབྲེལ་རྒྱལ་ཚོགས་གསར་འཛུགས་ཀྱི་རྩ་དོན་བསྐྱར་བསྒྲགས་བྱ་རྒྱུ་དེ་ཡང་ཡིན་ཞེས་ནན་བཤད་བྱས་པ་རེད། 
         དྲན་གསོའི་བྱེད་སྒོའི་ཐོག་ཀྲུང་གོ་དང་། ཨུ་རུ་སུ། ཨ་རི། འཇར་མན་སོགས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་མིའི་རྒྱལ་ཁབ་དང་དེ་བཞིན་ཡོ་རོབ་མནའ་འབྲེལ་སོགས་ས་ཁུལ་རྩ་འཛུགས་ཀྱི་འཐུས་མིས་གཏམ་བཤད་བྱས་ནས《མཉམ་འབྲེལ་རྒྱལ་ཚོགས་ཀྱི་རྩ་ཁྲིམས》ཀྱི་དམིགས་ཡུལ་དང་རྩ་དོན་གྱི་ཁས་ལེན་སྲུང་སྐྱོང་བྱ་རྒྱུའི་ནན་བཤད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།