འཚོལ་བཤེར།   
藏文频道
2015ལོའི་ཟླ་5ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ནང་པ་སངས་རྒྱས་པའི་སྐུ་གསུང་ཐུགས་རྟེན་གཟུངས་གཞུག་ཇི་ལྟར་འབུལ་ཚུལ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 05ཚེས་07ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ནང་པ་སངས་རྒྱས་པའི་སྐུ་གསུང་ཐུགས་རྟེན་གཟུངས་གཞུག་ཇི་ལྟར་འབུལ་ཚུལ།
         སངས་རྒྱས་བྱང་སེམས་ཀྱི་སྐུ་བརྙན་དང་མཆོད་རྟེན་ལ་གཟུངས་གཞུག་འབུལ་ཚུལ་མདོར་བསྡུས་ཏེ་ལག་ཏུ་་བླང་བདེ་བ་དགོད་པར་བྱའོ། དེ་ལ་གཉིས། ཡོ་བྱད་སྟ་གོན་བྱ་བ་དང་། འབུལ་ཚུལ་དངོས་སོ། དང་པོ་ལ་གསུམ།    སྲོག་ཤིང་དང་། གཟུངས་སྔགས་དང་།  དེ་ལས་གཞན་པའི་ཡོ་བྱད་དོ། དང་པོ་ནི། སྐུ་གཟུགས་ལ་སྲོག་ཤིང་ངེས་ཅན་དུ་མི་དགོས་ཀྱང་སྐུ་ཚད་ཆེ་བའི་རིགས་ལ་སྲོག་ཤིང་ཕུལ་བ་ཕུན་སུམ་ཚོགས་པའི་ཡན་ལག་ཏུ་འགྱུར་བས་ཕུལ་བ་ལེགས་ལ། མཆོད་རྟེན་ལ་ནི་  ཆེ་ཆུང་གང་ཡིན་ཀྱང་ འབུལ་ཐུབ་ཕྱིན་འབུལ་དགོས་སོ།  དེ་ལྟར་ན་སྲོག་ཤིང་གི་རྒྱུནི་རབ་ཙན་དན་དཀར་དམར། དེ་མ་འབྱོར་ན་དུག་རིགས་དང་ཆུ་ཤིང་དང་སྨྱུག་མ་དང་ཁོང་རུལ་དང་གས་ཆག་ཅན་དང་འབུས་ཟོས་པ་སོགས་ཤིང་ངན་པ་མ་ཡིན་པའིཤུ་ག་པའམའབྲསབུ་ཅན་གྱི་ཤིང་དང་ཤིང་མྱ་ངན་་མེད་པ་ལྟ་བུ་ཤིང་བཟང་པོ་སྐྱོན་མེད་དགོས་པ་ཡིན།   གཉིས་པ་གཟུངས་ནི།    སྤྱིརརིང་བསྲེལ་ལ་སྐུ་བལ། སྐུགདུང་། ཡུངས་འབྲུ་ལྟ་བུ། ཆོས་སྐུའི་རིང་བསྲེལ་ཇི་བཞིན་གསུངས་པའི་ཕྱི་མ་ནི་རྟེན་གྱི་ནང་གཞུག་ལ་འབུལ་རྒྱུའི་གཙོབོ་ཡིན་ལ་དེ་ནི་མདོ་རྒྱུད་ཀྱི་གཟུངས་སྔགས་ཟབ་མོ་རྣམས་ལ་ཟེར་བ་ཡིན་པས། རྒྱ་ཆེན་སྤྱོད་བརྒྱུད། ཟབ་མོ་ལྟ་བརྒྱུད། བྱིན་རླབས་ཉེ་བརྒྱུད། གསང་བདེ་འཇིགས་གསུམ་གྱི་དབང་བརྒྱུད། བཤད་བརྒྱུད།  མན་ངག་གི་བརྒྱུད་པ་ལ་སོགས་པ་མདོ་སྔགས་ཀྱི་བླ་མ་བརྒྱུད་པའི་མཚན་སྔགས། སངས་རྒྱས་བྱང་སེམས་ཀྱི་མཚན་སྔགས།  གནས་བརྟན་བཅུ་དྲུག་སོགས་ཉན་རང་གི་མཚན་སྔགས།  ནོར་བུ་རྒྱས་པའི་གཞལ་མེད་ཁང་གི་སྔགས། གཙུག་ཏོར་གདུགས་དཀར་དང་གཙུག་ཏོར་འཁོར་བསྒྱུར་གྱི་སྔགས་སོགས་དབུ་གཟུངས།   དབྱངསགསལ་གཉིས་མགྲིན་གཟུངས།གསང་བདེ་འཇིགས་གསུམ་སོགས་བླ་མེད་ཀྱི་སྔགས་སྟོད་གཟུངས།    རྡོར་དབྱིངས་ཀུན་རིག་གཙུག་དགུསོགས་རྣལའབྱོམརྒྱུད།   རྣམ་སྣང་མངོན་བྱང་སོགས་སྤྱོད་རྒྱུད།དམ་ཚིག་གསུམ་བཀོད་སྨན་བླ་ཚེདཔག་མེད་མི་འཁྲུགས་པ་སོགས་བྱ་རྒྱུད་ཀྱི་སྔགས་རྐེད་གཟུངས།གཟུངས་ཆེན་སྡེ་ལྔ་།    ཡངས་པའི་གྲོང་ཁྱེར་དུ་འཇུག་པའི་གཟུངས།གཞན་ཡང་སྟོང་ཕྲག་བརྒྱ་པ་བཟུང་བར་འགྱུར་བའི་གཟུངས་སོགས་མདོ་ལས་འབྱུང་བའི་སྔགས་ཀྱི་རིགས་སྨད་གཟུངས།བཀྲ་ཤིས་ཆོས་སྐྱོང་ནོར་ལྷ་སོགས་ཀྱི་སྔགས་པད་གཟུངས་ཏེ།    གཟུངས་སྔགས་དེ་རྣམས་སྐབས་ཐོབ་ཀྱི་སྤེལ་ཚིག་དང་བཅས་པ་འབྱོར་ན་གསེར་དངུལ་གྱི་གླེགས་བུ་ལ་འབུར་བ་འམ་གཟོང་བརྐོས་བྱས་པ།    དེ་མ་བྱུང་ན་མཐིང་ཤོག་བཟང་པོ་ལ་གསེར་དངུལ་གྱིས་འབྲི་བ། དེ་མ་བྱུང་ན་དཔེ་ཤོག་བཟང་པོ་ལ་མཚལ་དང་སྣག་ཚས་འབྲི་བ་དང་པར་ལ་འདེབས་པ་ལྟ་བུ་གང་འབྱོར་བྱ།    བྲིས་པའམ་པར་༡ཏབ་པ་གང་ཡིན་ཀྱང་དེ་ལ་ཁ་ཚེགུར་གུམ་ཙན་དན་དཀར་དམར་ཨ་ག་རུ་ཛཏི་ག་བུར་སོགས་དྲི་བཟང་རྣམས་ཆུ་དང་སྦྱར་བ་ལེགས་པར་བྱུག  སྐུ་དང་མཆོད་རྟེན་ཆུང་ངུ་ལ་གཟུངས་ཀྱི་ཡིག་འཕྲེང་སོ་སོར་མ་དྲས་པར་མི་ཤོང་ན་དྲ་ཞིང་ཤོང་ན་མ་དྲས་པར་མཐུད་དགོས་ རྣམས་མཐུད།     མཐུད་ལུགས་ཤོག་བུ་དང་པོའིམཇུག་གི་ཤོག་ལྷག་མཇུག་གི་ཡི་གེའི་ཚེག་གི་མཚམས་ནས་དྲས་ཏེ་ཤོག་བུ་གཉིས་པའི་གྲངས་ཡིག་མནན་ཏེ།    གཟུངས་ཀྱི་ཡི་གེ་མ་ནོར་ཙམ་བྱས་ལ་བག་ཆུས་སྦྱར་ཏེ་མཐུད།    དེ་ལྟར་དྲ་དགོས་དང་ཐུད་དགོས་རྣམས་རུང་བ་བྱས་ཏེ་མཐུད་ཚར་ནས་ཁོམ་སྐབས་བྱུང་ན་བགེགས་བསྐྲད་རབ་གནས་བསྡུས་པ་ཟུར་དུ་འབྱུང་བ་ལྟར་བྱས་ཏེ་དབུ་ནས་ནང་དུ་དམ་པོ་དྲིལ་ཞིང་མཐའི་ཤོག་སྣེ་བག་ཆུས་སྦྱར་ཏེ་མི་འཇིག་པར་བྱས་ལ་ཡིག་མགོ་མི་ནོར་བའིམཚན་མ་དང་དབུ་གཟུངས་སོགས་སྡེ་ཚན་གང་ཡིན་གྱི་ཀ་ཐོའམ་ཁ་བྱང་བཏབ་སྟེ་མི་ནོར་བར་བྱ།   དེ་ནས་ན་བཟའ་གོས་དར་སེར་པོས་དྲིལ།   དེ་སྟེང་དར་སྐུད་སེར་པོས་དཀྲིས་ཏེ་མི་འཇིག་པར་བྱ་ཞིང། དེ་ལ་ཡང་ཡིག་མགོ་དང་སྡེ་ཚན་མི་ནོར་བའི་མཚན་མ་ཀཐོ་དང་ཁ་བྱང་གི་ཡི་གེ་སོགས་ཀྱིས་མི་ནོར་གར་བྱ། གསུམ་པ་དེ་ལས་གཞན་པའི་ཡོ་བྱད་ནི། དེ་བཞིན་གཤེགས་པའི་འཕེལ་གདུང་སོགས་ཡུངས་འབྲུ་ལྟ་བུའི་རིང་བསྲེལ། སངས་རྒྱས་བྱང་སེམས་ཀྱི་སྐུ་གདུང་སོགས་སྐུ་གདུང་གི་རིང་བསྲེལ།    སངས་རྒྱས་བྱང་སེམས་ཀྱི་དབུ་སྐྲ་སེན་མོ་ན་བཟའ་སོགས་སྐུ་བལ་གྱི་རིང་བསྲེལ་ཏེ་མདོར་ན་སྟོན་པ་སངས་རྒྱས་ནས་བཟུང་རྒྱ་བོད་ཀྱི་པཎ་གྲུབ་མཁས་ཤིང་གྲུབ་པ་བརྙེས་པ་རྣམས་ཀྱི་བྱིནོརླབས་རྟེན་གང་འཛོམ།    བླ་མ་འགངས་ཆེན་གྱི་ན་བཟའ་དར་རས་ཀྱི་སྣམ་སྦྱར་ལྟ་བུ་ཚང་མ་འཇུག་ཚེ་གཟུངས་ཀྱི་ཕྱི་རོལ་ནས་ན་བཟའི་ཚུལ་དུ་དཀྲིས་ནས་འཇུག་ཅིང་། དེ་འདྲ་མིན་པའི་དུམ་བུའམ་ཚལ་བུ་རྣམས་རིན་པོ་ཆེ་དང་སྨན་དང་།    དྲི་བཟང་གི་ཕྱི་མ་དང་ལྷན་དུ་ན་བཟའ་སེར་པོས་དྲིལ།   བླ་མ་ཡི་དམ་ཆོས་སྐྱོང་སོགས་ཀྱི་སྐུབརྙན་རབ་གནས་ཅན་ན་བཟའ་སེར་པོ་གསོལ་བ།  གཞན་ཡང་རིན་པོ་ཆེའི་ཕྲེང་བ། གཟུངས་ཀྱི་བར་སྟོད་དུ་འཇུག་རྒྱུའི་རིན་པོ་ཆེའི་ཕྱེ་མ།བཟང་སྨན་གྱི་ཕྱེ་མ་དྲི་བཟང་གི་ཕྱེ་མ་རྣམས་དང་རས་ཀྱི་ཁུག་མར་བླུག་པ་དང་འཐུམ་བུར་བྱས་པ་གང་མང་།  གནོད་སྦྱིན་འཁོར་ལོ་གཉིས་ནི། གཞི་གསེར་དངུལ་ལམ་ཟངས་ཀྱི་བྱང་ལེབ་ལ་གཟོང་བརྐོས་སམ་མཐིང་ཤོག་ལ་གསེར་དངུལ་ལམ།  རས་གཞིའམ་ཤོག་བུ་ལ་རིན་པོ་ཚེདང་སྨན་དང་དྲི་བཟང་གི་ཕྱེ་མ་བསྲེས་པའི་མཚལ་སྣག་གི་འབྲི་བའམ་པར་བཏབ་པའམ་རུང་སྟེ་བྲི་གཞི་གཅིག་ལ་པརྨོའདབ་བརྒྱད་ཀྱི་ལྟེ་བར་ནོར་རྒྱུན་མ། འདབ་མ་བརྒྱད་ལ་འཁོར་བརྒྱད་དབུ་ཕྱིར་བསྟན།གནོད་སྦྱིན་གྱི་གཏེར་རྫས་ནི།  གསེར། དངུལ། ཟངས། རག དཀར་ཡོལ།  རྫ་སོགས་ཀྱི་བུམ་པ་རབ་དགུ།  འབྲིང་ལྔ། ཐ་མ་གཅིག་གི་ནང་དུ་། ས་སྣ། ཆུ་སྣ། རྡོསྣ། ཤིང་སྣ། ཇ་སྣ།  བྲོའོ་དང་པད་ཁ་སོགས་མ་ཡིན་པའི་འབྲས་གྲོ་ནས་སོགས་འབྲུ་སྣ་བཟང་པོ། ཁ་སུར་པ་ནི་སོགས་རུལ་བ་དང་རླན་ཅན་མ་ཡིན་པའི་ཤིང་ཏོག་བཟང་པོའི་རིགས།  ཤ་ཆང་སྒོག་བཙོང་སོགས་དྲི་ངན་ཞིང་མི་གཙང་བའི་རིགས་མཡིན་པའི་ཀ་ར་བུ་རམ་སོགས་ཁ་ཟས་བཟང་པོའི་ཟས་སྣ། སྦྱོང་སྐྱུག་བྱེད་པ་དང་དུག་རིགས་སོགས་མ་ཡིན་པའི་འབྲས་བུ་གསུམ་དང་བཟང་དྲུག་སོགས་བཟང་སྨན་གྱི་རིགས། ཙན་དན་དཀར་དམར་ཨ་ག་རུ་ག་བུར་ཛ་ཏི་ཁ་ཆེ་གུར་གུམ་སོགས་དྲི་བཟང་གི་རིགས།  བཻ་དྰུ་རྱ།  པ་རྨོརཱ་ག། ཨིསྦྲ་ནཱ་ལ། མར་གད། ཞི་མིག  གསེར། དངུལ། བྱུ་རུ་མུ་ཏིག་གཡུ།  མུ་མེན། བྱུ་རུ་དུང་སྟེ་རིན་པོ་ཆེ་ལྔ།  ནས། འབྲས། གྲོ སྲན་མ། ཏིལ་ཏེ་འབྲུ་སྣ་ལྔ། སྦྲང་རྩི། ཀ་ར། ཞོ། འོ་མ། མར་ཏེ་བདུད་རྩི་ལྔ། སླེ་ཏྲེས། ཀན་ཀྭ་རི། དབང་ལག རྒྱ་མཆོའི་ལྦུ་བ། ཤུ་དག་སྟེ་སྨན་ལྔ།  ཙན་དན་དཀར་དམར། ཛཏི། ག་བུར། ཁ་ཆེ་གུར་གུམ་སྟེ་དྲི་ལྔ་བཅས་རྒྱུད་སྡེ་འོག་མའི་བུམ་རྫས་ཉེར་ལྔ་རྣམས་བླུག་སྟེ་ལེགས་པར་བཀང་ལ་ཁ་དམ་པར་བཅད་དེ་གོས་དར་སེར་པོས་ཁ་གཏུམས་ནས་རྒྱ་ཡིས་བསྡམ། བང་མཛོད་ལ་མཁོ་བའི་རིན་པོ་ཆེའི་སྣོད་སྤྱད་ཀྱི་རིགས་ཟས་དང་འབྲུ་བཟང་པོས་བཀང་བ། ཁྲབ་རྨོག་གྲི་སོགས་གོ་མཆོན་གྱི་རིགས།  གོས་དར་ཟམ་རས་སོགས་ཀྱི་གོས་དང་གོས་ཀྱི་རྒྱུའི་རིགས་སོགས་མདོར་ན་གདོན་ཅན་དང་གྲིབ་ཅན་་སོགས་མ་ཡིན་པའི་ནོར་རྫས་ཕུན་སུམ་ཚོགས་པའི་རིགས་གང་འཛོམ་སྟ་གོན་བྱ། གཉིས་པ་འབུལ་ཚུལ་དངོས་ནི། དེ་ལྟར་ཡོ་བྱད་ཐམས་ཅད་འཛོམས་ནས་སྨན་འདམ་ལྟ་བུའི་རྟེན་ཆེན་པོའི་རིགས་བཞེངས་ན་རུས་ཤིང་ལ་སྲོག་ཤིང་བསྡམས་ཏེ། དེ་ལ་གཟུངས་གཞུག་བསྡམས་ནས་འབུལ་དགོས་པའང་ཡོད་ཅིང་། ལུཊ་མ་དང་འབུར་མ་དང་རས་བསེ་སོགས་ལས་བཟོས་པ་ལ་རྟེན་གྱི་ཕྱི་དབྱིབས་གྲུབ་ནས་གཟུངས་གཞུག་འབུལ་དགོས་པས་རྟེན་ཕྱི་མའི་རིགས་ལ་རྟེན་གྱི་ནང་གད་བརྡར་ལེགས་པར་བྱས་ཏེ་སྲུབས་དང་བུ་ག་ཕྲ་མོ་ཡོད་ན་ལེགས་པར་བཀག དྲི་བཟང་ཞིབ་ཏུ་བདར་བའི་ཕྱེ་མ་གར་སླ་ཞོཙམ་བྱས་པ་རྟེན་གྱི་ནང་དུ་སྲབ་འཐུག་ཀོ་བ་ཙམ་ཁྱབ་པར་བྱུགས་ཏེ་དྲི་ངད་མི་ཡལ་བའི་ཕྱིར་གྲིབ་སྐམ་བྱ།   གཟའ་སྐར་ཚེས་གྲངས་བཟང་པོའི་ཉིན་རྟེན་དང་། སྲོག་ཤིང་། གཟུངས་དྲིལ་བ། དེ་ལས་གཞན་པའི་ཡོ་བྱད་ཐམས་ཅད་ལ་སྦྱང་གསུམ་སྔོན་དུ་འགྲོ་བའི་རབ་གནས་བསྡུས་པ་ཟུར་འདེབས་ལོགས་སུ་བཀོད་པ་ལྟར་བྱ། བར་སྟོང་རྣམས་རིན་པོ་ཚེདང་སྨན་དང་དྲི་བཟང་སོགས་ཀྱི་འཐུམ་བུས་དམ་དུ་གཅེར་ཏེ་ལེགས་པར་བཀང་ལ་ཁ་ལེགས་པར་བཀབ། དེ་ལྟར་གཟུངས་ཕུལ་གྲུབ་ནས་འཕྲལ་དུ་རབ་གནས་བསྡུས་པའམ་མ་གྲུབ་ན་ཤིས་བརྗོད་རྒྱས་པ་བྱ། མཇུག་ཏུ་མཆོད་བསྟོད།བཟོད་གསོལ། དགྱེས་བཞིན་དུ་བྲིས་པའི་འཁོར་ལོའི་རྣམ་པར་གྱུར་པའི་འོད་ཞུབརྟན་བཞུགས།བཀྲ་ཤིས་རྣམས་བྱས་ཏེ་ཕོ་འཁོར་འོག་མོ་འཁོར་སྟེང་དུ་བྱས་ལ་བར་དུ་འབྲུ་དང་རིན་པོ་ཆེའི་ཕྱེ་མ་ཅུང་ཟད་བཅས་པའི་ཀ་ར་དང་སྦྲང་རྩིས་བྱུགས་ཏེ་སྦྱར་ནས་དར་དམར་སེར་ཅི་རིགས་པའི་ན་བཟས་ཀླུབས།གཙོབོའི་དབུ་རྟེན་གྱི་རྒྱབ་ཏུ་བསྟན་ཏེ་རིན་པོ་ཚེདང་འབྲུ་དང་དར་ཚོན་དང་དྲི་བཟང་མང་པོའི་དབུས་སུ་གཞག། མཚམས་དར་དམར་སེར་གང་རུང་གིས་བྱས་ལ་ཞབས་བསྡམ་པར་བྱ།  དེ་ལྟར་འཁོར་ལོ་སྔ་མ་ནོར་རྒྱུན་མ་གཙོ་བོར་བྱས་པ་དང་ཕྱི་མ་ཛམ་སྟལ་གཙོ་བོར་བྱས་པ་ཡིན་ལ་ལུགས་སྔ་མ་ལས་ན་བཟའ་དང་མཚམས་དར་སེར་པོ་བཤད་པ་རྒྱས་པའི་ལས་གཙོཚེབ་དང་། ཕྱི་མ་ལས་དམར་སེར་གཉིས་ཀ་བཤད་པ་ཚེབསོད་དཔལ་འབྱོར་སོགས་རྒྱས་པའི་ལས་དང་དེ་དག་འགུགས་པའི་དབང་གིས་ལས་གཉིས་ཀ་སྒྲུབ་པ་ལ་དགོངས་པ་ཡིན་པས་གཉིས་པོ་གང་བྱས་ཀྱང་མི་རུང་བ་མེད་ལ། ལུགས་གཉིས་གང་བྱེད་ཀྱང་ལུགས་དེར་དམིགས་བསལ་ཡོད་པ་རྣམས་དེ་བཞིན་དུ་བྱ་བ་དང་། དམིགས་བསལ་མེད་པ་ལུགས་གཅིག་ཤོས་དང་ཁ་འགེངས་དགོས་པ་རྣམས་ཁ་བསྐང་སྟེ་དམ་པའི་ཕྱག་སྲོལ་དང་མཐུན་པར་བྱ་ཡི།བཤད་ཁུངས་དང་མཐོང་བརྒྱུད་གཛཡང་མེད་པའི་རྟོག་བཟོས་རང་གཞན་གྱི་མགོ་བསྐོར་བར་མི་བྱའོ།།(རྩོམ་པ་པོ་ནི་ཕོ་བྲང་པོ་ཏ་ལའི་རྣར་དོན་ཁང་གི་ཡིན།)
      

    ཕྱོགས་བསྡུས་གསར་འགྱུར།