འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།མཚོ་སྔོན་ཡ་རྫི་༼ ཞུན་ཧྭ་༽རྫོང་སྲིད་གཞུང་གིས་བསེ་ཆང་ཁྱུང་ཉིན་གྲོང་ཚོར་སློབ་ཆུང་
    འཛུགས་མིན་ལ་བཀོད་སྒྲིག་གསར་པ་ཡོད་ཅེས་བསྟན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་09ཉིན། 16:53】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པ་མཚོ་སྔོན་ཡ་རྫི་རྫོང་སྲིད་གཞུང་དང་རྫོང་སློབ་གསོ་ཅུས། བསེ་ཆང་ཁྱུང་ཉིན་གྲོང་ཚོ་བཅས་སུ་ཕེབས་ཏེ། དེ་སྔོན་གཡང་མོ་སྐྱིད་ཀྱི་སྒེར་བཙུགས་སློབ་གྲྭ་ཡ་རྫི་རྫོང་སློབ་གསོ་སྡེ་ཚན་གྱི་བཀའ་ལྟར་སྒོ་བརྒྱབ་པའི་གནས་ཚུལ་ལ་བཅར་འདྲི་བྱས་པ་རེད། 
          ཁྱུང་ཉིན་གྲོང་ཚོའི་གྲོང་མི་འབྲུག་རྩེ་རྒྱལ་གྱིས་བརྗོད་པ་ལྟར་ན། ཁྱུང་ཉིན་གྲོང་ཚོར་སྔོན་ཆད་སློབ་ཆུང་ཞིག་ཡོད་ལ། 2008ལོར་སློབ་ཆུང་དེ་སློབ་གསོའི་བཅའ་བཀོད་ལེགས་སྒྲིག་བྱེད་སྐབས་སྲིད་གཞུང་གིས་མེད་པར་བཟོས། བཅར་འདྲི་གནང་སྐབས་ཡ་རྫི་རྫོང་སློབ་གསོ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལྷ་ལུང་རྡོ་རྗེས་གནས་ཚུལ་འདི་ལྟར་བརྗོད། དེ་སྔོན་ཁྱུང་ཉིན་གྲོང་ཚོའི་སློབ་ཆུང་མེད་པར་བཟོས་པ་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་སྲོལ་དང་ཡོངས་སུ་མཐུན། རྒྱུ་མཚན་ནི་སློབ་ཆུང་དེའི་སློབ་མའི་མི་གྲངས་དང་དགེ་རྒན་གྱི་ཆ་རྐྱེན་སོགས་སློབ་གསོའི་ཚད་ཐིག་དང་མི་མཐུན་པས་སློབ་ཆུང་དེ་སློབ་གྲྭ་བསྡུ་སྒྲིལ་གྱི་ཁོངས་སུ་བཅུག་ནས་བསེ་ཆང་སློབ་ཆུང་དང་མཉམ་བསྲེས་བྱས་ཞེས་བརྗོད། འོན་ཀྱང་ཁྱུང་ཉིན་གྲོང་ཚོ་ནས་བསེ་ཆང་སློབ་ཆུང་བར་ལམ་ཐག་སྤྱི་ལེ་17ལྷག་ཡོད་པས། གྲོང་ཚོ་དེའི་ཁྱིམ་བདག་རྣམས་ལ་བྱིས་པ་ཚོ་བསེ་ཆང་སློབ་ཆུང་དུ་བསྐྱལ་འདོད་གཏན་ནས་མི་འདུག  
           2012ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་༼གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་གྲྭ་སྙོམས་སྒྲིག་སྐོར་གྱི་བསམ་འཆར་༽ཡིག་ཆ་ཞིག་བཀྲམ་འདུག ཡིག་ཆའི་ནང་དངོས་ཡོད་གནས་ཚུལ་དང་མི་མཐུན་པའི་སྒོ་ནས་སློབ་གྲྭ་སྙོམས་སྒྲིག་བྱེད་པར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།  གྲོང་གསེབ་སློབ་ཆུང་ལོ་རིམ་དང་པོ་ནས་ལོ་རིམ་གསུམ་པ་བར་གྱི་སློབ་མ་རྣམས་རྩ་དོན་ལྟར་ན་ཞག་སྡོད་བྱེད་མི་རུང་། མི་གྲངས་ཉུང་བ་དང་། ཐག་རིང་ལུང་ཁུག  འགྲིམ་འགྲུལ་སྟབས་བདེ་མིན་པ་བཅས་ཀྱི་ས་ཆར་སློབ་ཆུང་འཛུགས་དགོས་ཞེས་བཀོད་འདུག   
          དེ་ལྟར་མི་དམངས་ཉིན་རེའི་ཚགས་པར་ཁང་དང་མི་དམངས་དྲ་བ། ཀྲུང་གོའི་གསར་འགྱུར་དྲ་བ་སོགས་ཀྱི་གསར་འགྱུར་བརྒྱུད་བསྒྲགས་དང་། ཕྱོགས་སོ་སོའི་གླེང་ཕྱོགས་ཀྱི་སྣོན་ཤུགས་འོག་ཉེ་ཆར་ཡ་རྫི་རྫོང་གི་རྫོང་དཔོན་གྱིས་རང་འགུལ་ངང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་གསར་འགོད་པར་འདི་ལྟར་བརྗོད་འདུག མིག་སྔར་ཡ་རྫི་རྫོང་སྲིད་གཞུང་གིས་གཡང་མོ་སྐྱིད་ཀྱི་སྒེར་གཉེར་སློབ་གྲྭ་སྒོ་བརྒྱབ་པ་དང་དེའི་རྗེས་འཇུག་གི་གནད་དོན་ཁག་ལ་གཙིགས་མཐོང་བླ་ལྷག་གནང་གི་ཡོད། ང་ཚོས་འདི་ལོའི་ཟླ་3ཚེས་1ཉིན་ནས་བཟུང་འགྲིམ་འགྲུལ་སྟབས་བདེ་མིན་པའི་ས་ཁུལ་དུ་སློབ་ཁྲིད་རྟེན་གཞི་(早教点)ཞིག་བཙུགས་ཏེ་སྐབས་བབས་ཀྱི་གནད་དོན་དེ་རིགས་ཐག་གཅོད་བྱེད་རྩིས་ཡོད་ཅེས་བསྟན། 
          འོན་ཀྱང་གནད་དོན་འདི་ད་དུང་མཇུག་སྒྲིལ་མི་འདུག་བསམ་བྱུང་། གསར་འགོད་པས་རགས་རྩིས་ལྟར་ན། 2008ལོར་ཡ་རྫི་རྫོང་གིས་སློབ་གྲྭ་བསྡུ་སྒྲིལ་བྱེད་སྐབས་ཁྱུང་ཉིན་སློབ་ཆུང་དང་འདྲ་བའི་སློབ་ཆུང་21སྲིད་གཞུང་གིས་མེད་པར་བཟོས་འདུག  སློབ་གྲྭ་མེད་པར་བཟོས་རྗེས་ཡུལ་དེ་གའི་བྱིས་པ་རྣམས་ཆ་སྙོམས་སྤྱི་ལེ་5ནས་10བར་གྱི་ལམ་ཐག་བརྒྱུད་དེ་ཡུལ་གཞན་དུ་སློབ་གྲྭར་བསྐྱོད་དགོས། སློབ་མ་དེ་ཚོའི་ཁྱིམ་བདག་གིས་ཀྱང་གྲོང་ཚོའི་ནང་དུ་སློབ་གྲྭ་འཛུགས་རྒྱུའི་རེ་བ་བྱེད་བཞིན་འདུག  ཇི་ལྟར་སློབ་གསོའི་ཐོན་ཁུངས་སྙོམས་སྒྲིག་བྱ་རྒྱུ་དང་། སློབ་མའི་ཁྱིམ་བདག་གི་འདོད་བློ་ཇི་བཞིན་དུ་བསྐང་ཐུབ་པའི་འཆར་འགོད་ཞིག་བཟོ་རྒྱུ་ནི་མིག་སྔར་ཡ་རྫི་རྫོང་སློབ་གསོ་ཅུས་ཀྱི་མིག་མདུན་དུ་ལྷགས་པའི་ཁ་ཚ་དགོས་གཏུག་གི་གནད་དོན་ཞིག་མ་རེད་དམ།

      

    ཕྱོགས་བསྡུས་གསར་འགྱུར།