འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།གཡང་མོ་སྐྱིད་ཀྱི་ཁྱུང་ཉིན་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་28ཉིན། 16:30】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།གཡང་མོ་སྐྱིད་ཀྱི་ཁྱུང་ཉིན་སྒེར་གཉེར་སློབ་གྲྭ་སྒོ་རྒྱག་དགོས་པའི་བཙན་བཀའ་བཏང་ཡོད་པ།
          མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡ་རྫི་རྫོང་༼ ཞུན་ཧྭ་རྫོང་ ༽གི་ཤེས་རིག་སློབ་གསོ་ལས་ཁུངས་ཀྱིས་སྤྱི་ཟླ་1པོའི་ཚེས་14ཉིན་རྒན་གཡང་མོ་སྐྱིད་ལགས་ཀྱི་མཚན་ཐོག་ཏུ་བརྡ་ཐོ་ཞིག་བཏང་སྟེ། ཁོ་མོའི་སྒེར་གཉེར་སློབ་གྲྭ་དེ་སྲིད་གཞུང་དང་སློབ་གསོ་ལས་ཁུངས་ཀྱིས་ཆོག་མཆན་མེད་པའི་ཁྲིམས་འགལ་གྱི་སློབ་གྲྭ་གཉེར་བར་ངོས་འཛིན་གྱིས་བརྡ་ཐོ་དེ་འབྱོར་བའི་ཉིན་ནས་སློབ་གྲྭ་དེ་སྒོ་རྒྱག་དགོས་པ་དང་། སློབ་ཕྲུག་རྣམས་ཐག་ཉེའི་གཞུང་བཙུགས་སློབ་ཆུང་ཁག་དུ་རྩིས་སྤྲོད་བྱ་དགོས་པའི་སྐོར་བཙན་བཀའ་བཏང་ཡོད་འདུག  སློབ་ཕྲུག་གི་ཁྱིམ་བདག་ཚོར་ཡང་བརྡ་བཏང་ནས་ལོ་གསར་གྱི་རྗེས་སུ་ཕྲུ་གུ་རྣམས་གཞུང་བཙུགས་སློབ་གྲྭར་བསྐྱལ་དགོས་པ་དང་། དེ་ལྟར་མ་བསྐྱལ་ཚེ་ཁྲིམས་ཀྱི་ཐག་གཅོད་མཇུག་འབྲས་རང་རང་སོ་སོས་འགན་འཁུར་དགོས་པའི་སྐོར་བཀོད་ཡོད་པ་རེད།
          གནས་ཚུལ་ལྟར་ན། རྒན་གཡང་མོ་སྐྱིད་ལགས་ཀྱིས་ཁོང་གི་ཁེ་གཉེར་ཚོང་ཁང་གི་ཡོང་འབབ་ལ་བརྟེན་ནས་གཞུང་གི་སློབ་གྲྭ་མེད་པའི་བསེ་ཆང་ཁྱུང་ཉིན་སྡེ་བར་གྲ་སྒྲིག་འཛིན་གྲྭ་དང་། གཞི་རིམ་འོག་མའི་འཛིན་གྲྭ་གཉིས་བཙུགས་ནས་སློབ་མ་ཉི་ཤུ་རྩ་བཞི་ཡོད་པ་དེ་དག་ལ་བོད་ཡིག་དང་། རྒྱ་ཡིག  རྩིས་རིག་བཅས་སློབ་ཁྲིད་གནང་བཞིན་ཡོད་པ་རེད།
          ངོ་སྤྲོད་ལྟར་ན། 2008ལོར། ཁྱུང་ཉིན་གྲོང་ཚོའི་སྔོན་ཆད་ཀྱི་སློབ་ཆུང་དེ་ནི་སློབ་གསོའི་བཅའ་བཀོད་ལེགས་སྒྲིག་བྱེད་སྐབས་མེད་པར་བཟོས་པའི་རྗེས། 2012ལོར། ཁྱུང་ཉིན་གྲོང་ཚོའི་ལས་བྱེད་དང་གྲོང་ཚོའི་རྒན་པ་ཁ་ཤས་ཀྱིས་ལོ་བཅུ་ལྷག་རིང་དུ་བོད་ཡིག་ཚབ་ཁྲིད་དགེ་རྒན་གྱི་ལས་ཀ་སྒྲུབ་མྱོང་བའི་གཡང་མོ་སྐྱིད་ལགས་ལ་ཁ་པར་བཏང་ནས་གདན་འདྲེན་ཞུས་པས་ཁོ་མོ་གྲོང་ཚོ་དེའི་བྱིས་པ་ཚོའི་སློབ་གཙོར་གྱུར། དུས་དེ་ནས་བཟུང་གཡང་མོ་སྐྱིད་ཀྱིས་རང་ཉིད་ལ་ཚོང་ཁང་ཆུང་ཆུང་ཞིག་ཡོད་པ་དེར་བརྟེན་ནས། ལོ་རེའི་ཡོང་འབབ་སྒོར་ཁྲི་3ནས་4ལྷག་སློབ་སྒྲུབ་ས་ཚིགས་དེར་འགྲོ་སོང་བཏང་བ་དང་། ཚབ་ཁྲིད་དགེ་རྒན་གསུམ་ཡོད་པར་གླ་ཕོགས་བྱིན་པ་རེད། ཁོ་མོ་1996ལོ་ནས་ད་ལྟའི་བར་ལོ་ངོ་19རིང་སློབ་གསོའི་བྱ་བར་ཞུགས་པའི་ཁྲོད། སློབ་མ་རྣམས་རང་གི་བུ་ཕྲུག་ལྟར་གཅེས་སྐྱོང་དང་། གཅེས་སེམས་ལྡན་པའི་སྒོ་ནས་ཤེས་བྱ་སློབ་ཁྲིད་གནང་བའི་ཁར། ས་གནས་དེ་གའི་ཡུལ་མི་ཚོས་ཁོ་མོར་བསྔགས་བརྗོད་བླ་ལྷག་གནང་གི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།