འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།སྙེ་མོའི་འབག་དཀར་པོའི་ལྷ་མོ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་17ཉིན། 09:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ལྷ་ས་ནས་སྤྱི་ལེ་༡༤༠ཙམ་གྱི་སར་གནས་པའི་སྙེ་མོ་རྫོང་དར་གྲོང་གྲོང་རྡལ་དུ་དར་ཁྱབ་བྱུང་བའི་འབག་དཀར་པོའི་ལྷ་མོ་ཚོགས་པ་ནི་བོད་དུ་དར་བའི་ལྷ་མོ་ཚོགས་པ་རྙིང་གྲས་ཤིག་ཡིན་པས་དེ་སྔ་འཕྱོངས་རྒྱས་སྤུན་བདུན་དང་། ཡར་ཀླུང་བཀྲ་ཤིས་ཞོལ་པ། སྙེ་མོ་དར་གྲོང་བ། སྟོད་ལུང་སྣང་རྩེ་བ་སོགས་བོད་དུ་མིང་གྲགས་ཆེ་བའི་ལྷ་མོ་ཚོགས་པ་ཁག་༦ནི་ལོ་ལྟར་གྱི་འབྲས་སྤུངས་ཞོ་སྟོན་གྱི་འཁྲབ་སྟོན་ནང་ངེས་པར་ཞུགས་དགོས་པའི་ལྷ་མོ་ཚོགས་པ་གཙོ་བོའི་གྲས་ཤིག་ཡིན་པ་སོགས་ལྷ་མོའི་གཞུང་ཁུངས་དག་ལ་ལོ་རྒྱུས་རིང་བས་ད་ཆ་དར་གྲོང་འབག་དཀར་པོའི་ལྷ་མོ་དེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་འཁོད་ཡོད།
         འབག་དཀར་པོའི་ལྷ་མོ་ནི་གཞུང་དེའི་སྲོལ་གཏོད་པ་གྲུབ་ཆེན་ཐང་སྟོང་རྒྱལ་པོས་ཐོག་མར་གཏོད་པའི་འཁྲབ་སྲོལ་གྱི་གྲས་ཤིག་ཡིན་པ་དང་འཁྲབ་གཏོང་གྱེར་གསུམ་ཚང་ལ་སྤྱིར་ལུག་ལྤགས་ལས་བཟོས་པའི་གདོང་འབག་དཀར་པོ་ཞིག་གྱོན་ཏེ་གཏམ་རྒྱུད་སྣ་ཚོགས་འཁྲབ་པ་ནི་འབག་དཀར་པོའི་ལྷ་མོའི་འཁྲབ་སྲོལ་གྱི་ཁོངས་སུ་གཏོགས་པ་ཞིག་ཡིན། འབག་དཀར་པོའི་ལུགས་ཀྱིས་སྤྱིར་ན་འགྱུར་ཁུག་མི་འདྲ་བ་6་སྤྱོད་པ་དང་རྣམ་ཐར་དངོས་སུ་མ་བཏང་གོང་གཞུང་སྲོང་བའི་སྟངས་སྟབས་དང་སྦྲགས་ཧོ་ཧོའི་སྒྲ་གྲགས་པ་ནི་དབྱངས་ཀྱི་ངེས་པ་བདུན་གྱི་ཆོས་ཉིད་དང་མཐུན་པའི་སྔོན་འགྲོའི་རྣམ་པ་ཞིག་ཡིན། དེ་སྔ་འབག་དཀར་པོའི་ལྷ་མོ་ཚོགས་པའི་དབུས་ནས་གནའ་ཉམས་དོད་ལ་བབ་ཆགས་པའི་སྤུན་བདུན་ལྷ་མོ་བ་དང་། འབག་དཀར་པོ་དང་སེར་པོ་ཡང་སྤྱོད་པའི་ཡར་ཀླུང་བཀྲ་ཤིས་ཞོལ་པ། སྟངས་སྟབས་དམིགས་བསལ་ཆེ་བའི་དར་གྲོང་ལྷ་མོ་བཅས་ལ་མི་རྣམས་ཀྱིས་སྒྱུ་རྩལ་གྱི་ཉམས་འགྱུར་ཁྱད་དུ་འཕགས་པའི་ལྷ་མོ་ཚོགས་པ་གསུམ་ལ་བརྩི་བ་དེ་དག་གི་འཁྲབ་བྱའི་གཞུང་གཙོ་བོ་ནི་ཆོས་རྒྱལ་ནོར་བཟང་གི་གཞུང་འཁྲབ་ཀྱི་ཡོད་ལ་ལྷ་མོ་ཚོགས་པ་དེ་དག་གིས་ལོ་རྒྱུས་ཀྱི་གར་སྟེགས་ཐོག་སྒྱུ་རྩལ་གྱི་གནས་བབ་ངེས་ཅན་ཞིག་བཟུང་ཡོད།
         དར་གྲོང་འབག་དཀར་པོའི་ལྷ་མོ་ཚོགས་པའི་ལོ་རྒྱུས་ཧ་ཅང་རིང་བ་དང་ལྷག་དོན་དུ་དུས་རབས་བཅུ་གཉིས་པའི་ལོ་རབས་ལྔ་བཅུ་པའི་དུས་དཀྱིལ་ཙམ་ནས་བཟུང་འབག་སྔོན་པོའི་འཁྲབ་སྲོལ་ཡང་སྤྱད་དེ་དེ་སྔའི་འབག་དཀར་པོ་འཁྲབ་སྐབས་བཀྲ་ཤིས་སྨོན་འདུན་མཚོན་ཐབས་གཙོ་བོར་བྱེད་པ་ནས་དགའ་སྐྱོ་སྡུག་བྲལ་གྱི་སྒྱུ་རྩལ་གྱི་ཁྱད་རྩལ་ཡོངས་སུ་རྫོགས་པའི་འཁྲབ་སྟངས་སྤྱད་པ་མ་ཟད། འཁྲབ་གཞུང་ཡང་དེ་སྔ་ཆོས་རྒྱལ་ནོར་བཟང་གཙོ་བོར་བྱེད་པ་ནས་རིམ་བཞིན་དྲི་མེད་ཀུན་ལྡན་དང་། སྣང་ས་འོད་འབུམ། འགྲོ་བ་བཟང་མོ། གཟུགས་ཀྱི་ཉི་མ་སོགས་ལྷ་མོའི་འཁྲབ་གཞུང་ཕལ་ཆེ་བ་འཁྲབ་སྟོན་བྱེད་ཐུབ་ཀྱི་ཡོད་ཅིང་། སྙེ་མོའི་འབག་དཀར་པོའི་ལྷ་མོ་བར་མང་ཚོགས་ཀྱི་རྨང་གཞི་ཟབ་པ་དང་། རྒྱུན་འཛིན་གྱི་རིན་ཐང་ཆེ་ལ་འགྱུར་ཁུག་སྙན་པ། འཁྲབ་ཆས་གནའ་ཉམས་དོད་པས་ལྟ་འདོད་ལ་ཉན་སྤྲོ་ཞིང་། སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་ཡོད་པ་རེད། དེ་སྔ་ལྷ་མོ་ཚོགས་པ་དེའི་འཁྲབ་སྟོན་པ་ཚང་མ་སྐྱེས་པ་ཡིན་པས་བུད་མེད་ཀྱི་གཟུགས་བརྙན་ཡང་སྐྱེས་པ་ཚོས་འཁྲབ་ཀྱི་ཡོད་པ་དང་འཁྲབ་ཐེངས་ཅིག་ལ་བསྟུད་མར་ཆུ་ཚོད་གཅིག་ཙམ་འཁྲབ་ཐུབ་ཀྱི་ཡོད་པ་རེད། དེ་སྔ་སྙེ་མོ་རྫོང་ལ་ལྷ་མོ་ཚོགས་པ་གཉིས་ཡོད་རུང་ད་ཆ་དར་གྲོང་ལྷ་མོ་ཚོགས་པ་ཙམ་ལས་གནས་མེད་པ་དེ་ནི་ལོ་རྒྱུས་ཀྱི་བསླབ་བྱ་ཞིག་ཡིན།
         དར་གྲོང་ལྷ་མོའི་རྒྱུན་འཛིན་པ་མི་རབས་བཞི་པ་ཡིན་པའི་ཨོ་ལོ་གཞོན་པས་ལོ་ངོ་༡༠ལ་སླེབས་ཙམ་ནས་འབག་དཀར་པོའི་ལྷ་མོའི་འཁྲབ་གཞུང་སྦྱོང་འགོ་བཙུགས་པ་ནས་ལོ་ངོ་༢༤ལ་སླེབས་སྐབས་གཞི་ནས་ལྷ་མོ་འཁྲབ་མཁས་པའི་སྒྱུ་རྩལ་པ་ཞིག་ཏུ་གྱུར་ཞིང་། བོད་ཞི་བས་བཅིངས་འགྲོལ་མ་བཏང་གོང་དར་གྲོང་ལྷ་མོ་ཚོགས་པས་ཞོ་སྟོན་སོགས་ཀྱི་གཞས་ཁྲལ་རྒྱུག་པ་དང་སྐུ་དྲག་གི་གཟིམ་ཤག་ཏུ་ལྷ་མོ་འཁྲབ་པར་འགྲོ་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་རྗེས་ཨོ་ལོ་གཞོན་པས་ལོ་ངོ་བཅུ་གྲངས་རིང་སྔར་བཞིན་ལྷ་སའི་ཞོ་སྟོན་སོགས་བྱེད་སྒོ་ཆེ་གྲས་ཁག་དང་འོང་སྐོར་སོགས་ས་གནས་ཀྱི་དུས་ཆེན་ཚང་མར་འཁྲབ་སྟོན་བྱེད་ཀྱི་ཡོད། ཨོ་ལོ་གཞོན་པར་ར་ལྤགས་ལས་བཟོས་པའི་འབག་དཀར་པོ་ཞིག་ཡོད་པ་དེ་ནི་མི་ལོ་༢༠ལྷག་ཙམ་རིང་བེད་སྤྱོད་བྱས་པས་དེ་ནི་ཁོང་གི་ངོས་ནས་བཤད་ན་རྩ་ཆེའི་ནོར་བུ་ཞིག་ཡིན། ད་ལྟའི་ཆར་ཨོ་ལོ་གཞོན་པ་ནི་དར་གྲོང་ལྷ་མོའི་རྒྱུན་འཛིན་པ་གཅིག་པུ་དེ་ཡིན་པས་རྒྱལ་ཁབ་ཀྱི་ཆེད་དངུལ་ཐོབ་པ་དང་། རང་ཉིད་ཀྱིས་ཧ་ཅང་དགའ་ཞེན་བྱེད་པའི་ལྷ་མོ་རྒྱུན་འཛིན་ཐུབ་པ། ཁོང་ལ་བུ་ཕྲུག་༡༠ཡོད་པ་དག་གིས་བསྲི་ཞུ་ཧུར་ཐག་སྒྲུབ་ནས་བདེ་སྐྱིད་ལྡན་པའི་ཚེ་མཇུག་སྐྱེལ་བཞིན་ཡོད། འོན་ཀྱང་ཁོང་ལ་སེམས་ཁྲལ་ཆེན་པོ་ཞིག་ཡོད་པ་ནི་ད་ཆའི་གཞོན་ནུ་མང་པོས་ཕ་མེས་ཀྱི་ལག་ཤེས་བཟོ་རྩལ་རྒྱུན་འཛིན་བྱེད་འདོད་མེད་པ་དང་ལྷག་དོན་ལྷ་མོ་སྦྱོང་འདོད་མི་བྱེད་པ་དང་། ད་ཆའི་འཁྲབ་མི་རྣམས་ལོ་ན་རྒན་པ། རྒྱུན་འཛིན་བྱེད་མཁན་དཀོན་པ། མ་དངུལ་ཁ་ཐང་བ་སོགས་རྒྱུ་རྐྱེན་སྣ་ཚོགས་ཀྱིས་ཁོང་གི་དུས་སུ་དར་གྲོང་ལྷ་མོའི་འཁྲབ་རྒྱུན་སྟོངས་མི་ཡོང་ངམ་སྙམ་པ་དེ་ཡིན་རུང་ད་ཆ་སེམས་ཁྲལ་དེ་བྱེད་མི་དགོས་པར་འགྱུར་བཞིན་ཡོད།
         ཉེ་བའི་ལོ་ཤས་རིང་སྙེ་མོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་མངོན་མིན་རིག་གནས་ཤུལ་བཞག་གི་སྲུང་སྐྱོབ་ལས་ཀར་མཐོང་ཆེན་གྱིས་མངོན་མིན་རིག་གནས་ཤུལ་བཞག་མྱུར་སྐྱོབ་བྱས་པ་དང་། སྲིད་གཞུང་གིས་གཙོ་ཁྲིད་ཀྱི་ནུས་པ་ཧུར་ཐག་འདོན་པ། ནུས་ལྡན་གྱི་སྲུང་སྐྱོབ་ལས་དོན་སྒྲུབ་མཁན་གྱི་འགོ་ཁྲིད་སྒྲིག་གཞི་བཙུགས་པ་མ་ཟད། འབག་དཀར་པོའི་ལྷ་མོར་ཡོངས་ཁྱབ་ཞིབ་བཤེར་བྱེད་པའི་ལས་དོན་བསྒྲུབས་ཡོད། དེའི་ཐད་ད་ཡོད་ཀྱི་དཔྱད་གཞིའི་ཡིག་ཆར་གཞི་འཛིན་པ་དང་། འབག་དཀར་པོའི་སྒྱུ་རྩལ་གྱི་རིན་ཐང་ལ་གདེང་འཇོག་གང་ལེགས་བྱེད་པ། འབག་དཀར་པོའི་ལྷ་མོའི་སྲུང་སྐྱོབ་གནས་ཚུལ་དང་གནས་པའི་གནད་དོན་བཅས་ཁོང་དུ་ཆུད་པའི་རྨང་གཞིའི་ཐོག་སྒྱུ་རྩལ་པར་འཕྲད་པའི་དཀའ་ངལ་ཐག་གཅོད་ཧུར་ཐག་བྱས་པ་དང་། གཞོན་སྐྱེས་ཚོས་འབག་དཀར་པོའི་ལྷ་མོ་སྦྱོང་དགོས་པའི་སྐུལ་སློང་བྱེད་པ། གཞི་རིམ་མང་ཚོགས་ཚོར་འཁྲབ་སྟོན་བྱ་རྒྱུའི་གོ་སྐབས་ཧུར་ཐག་གཏོད་པ་བཅས་བྱས་པས་དར་གྲོང་འབག་དཀར་ལྷ་མོ་ཚོགས་པར་སྐྱེ་སྟོབས་ཀྱི་དཔལ་ཡོན་གསར་དུ་རྒྱས་ནས་ད་ཆ་ལྷ་མོ་ཚོགས་པ་དེར་འཁྲབ་སྟོན་པ་༢༠སྐོར་ཡོད་པ་དང་། རྫོང་རིག་གནས་ཅུས་ཀྱིས་ཁོང་ཚོར་ནང་སྦྱོང་བྱེད་ས་མཁོ་འདོན་བྱས་པ། དགེ་ཕྲུག་༡༧ཙམ་གསོ་བྱེད་བཞིན་ཡོད་པ་མ་ཟད། ལྷག་དོན་གྲོང་ཚོ་དེ་གའི་གཞོན་ནི་བསམ་གྲུབ་ཞེས་པ་ཞིག་ཡོད་པ་དེ་ནི་ཨོ་ལོ་གཞོན་པས་དར་གྲོང་ལྷ་མོའི་རྒྱུན་འཛིན་པར་དམིགས་ནས་གསོ་སྐྱོང་བྱེད་བཞིན་ཡོད་པ་བཅས་ནི་དར་གྲོང་ལྷ་མོ་དེ་བཞིན་མི་མུས་རྒྱུད་ནས་རྒྱུན་འཛིན་ཐུབ་པའི་སྔ་ལྟས་བཟང་པོ་ཞིག་ཡིན་ནོ།།
      

    ཕྱོགས་བསྡུས་གསར་འགྱུར།