མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་23ཉིན་གྱི་དགོང་མོ་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གཡོད་ཧན་ཤུན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་དབྱིན་ཇི་སྲིད་གཞུང་དང་དབྱིན་ཇི་མི་དམངས་ཀྱིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་ཡོད། ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་བྱ་ཐབས་ངོ་སྤྲོད་གནང་བ་དང་། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཞོགས་འདེགས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་དགོས་ངེས་ཀྱི་མི་སྣ་འགྲོ་འོང་དང་ཚོང་དོན་ཤར་བགྲོད་ཐུབ་རྒྱུར་འགན་སྲུང་བྱེད་པ་དང་དུས་མཚུངས་རིམས་ནད་ཁྱབ་པའི་ཉེན་ཁ་ཆུང་ཤོས་སུ་གཏོང་གང་ཐུབ་བྱེད་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་དབྱིན་ཇི་ཕྱོགས་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་འགོ་ཁྲིད་གནང་བའི་འོག དབྱིན་ཇིའི་མི་དམངས་རྣམས་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས། ཀྲུང་གོ་སྲིད་གཞུང་གིས་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཀྱི་གཟུགས་གཞི་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཕན་འབྲས་ལྡན་པའི་བྱ་ཐབས་ནུས་ལྡན་སྤྱད་དེ་དབྱིན་ཇིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་ཕྱི་སྦྱོང་སློབ་མའི་གཟུགས་གཞིའི་བདེ་འཇགས་དང་ལུགས་མཐུན་ཁེ་དབང་ལ་སྲུང་སྐྱོང་ཡག་པོ་བྱ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་ཡོད།
     ཞི་ཅིན་ཕིང་གིས། ནད་དུག་ལ་རྒྱལ་མཚམས་དང་རིགས་རྒྱུད་ཀྱི་དབྱེ་བ་མེད་པས། མིའི་རིགས་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་ན་གཞི་ནས་རིམས་ནད་ཀྱི་དམག་འཐབ་དེར་རྒྱལ་ཁ་ལེན་ཐུབ། རྒྱལ་ཁབ་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུ་ཚོགས་པའི་སྒྲོམ་གཞིའི་ནང་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། ཆ་འཕྲིན་དང་ཉམས་མྱོང་སྤེལ་རེས་དང་མཉམ་སྤྱོད་ལ་ཤུགས་སྣོན་རྒྱག་པ། ཚན་ཞིབ་འགག་སྒྲོལ་གྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་པ། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྒྲིག་འཐུས་སྒོ་ཚང་དུ་གཏོང་རྒྱུར་སྐུལ་འདེད་གཏོང་བ། སྤྱི་ཁོག་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ། ཁྲོམ་ར་བརྟན་པོ་དང་། འཕར་རྒྱུ་འགན་ལེན། དམངས་འཚོ་འགན་ལེན་བཅས་ཡོང་བ་བྱེད་པ། གོ་ལ་ཧྲིལ་པོའི་མཁོ་སྤྲོད་སྦྲེལ་ཐག་སྒོ་དབྱེ་དང་། བརྟན་པོ། བདེ་འཇགས་བཅས་ཡོང་བའི་འགན་ལེན་བྱེད་དགོས། རིམས་ནད་ལས་རྣམ་པར་རྒྱལ་རྗེས། ཀྲུང་དབྱིན་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་བསམ་ཤེས་སྔར་བས་ཟབ་ཏུ་དང་། ཐུན་མོང་གི་ངོས་འཛིན་སྔར་བས་རྒྱ་ཁྱབ་ཏུ་འགྲོ་སྲིད་པ་དང་། རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཡང་དེ་བས་རྒྱ་ཆེ་བའི་མདུན་ལམ་འཆར་ངེས་རེད་ཅེས་གསུངས་ཡོད།
     གཡོད་ཧན་ཤུན་གྱིས། ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་དཀའ་སྤྱད་འབད་བརྩོན་དང་བློས་གཏོང་ཆེན་པོ་བྱས་མཐར་རིམས་ནད་སྔོན་འགོག་ཚོད་འཛིན་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད་པས། ངས་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་ཡིན། མིག་སྔར། དབྱིན་ཇིར་རིམས་ནད་ཀྱི་གནས་ཚུལ་ཛ་དྲག་པོ་ཡོད་པས། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོའི་དགེ་མཚན་ལྡན་པའི་ཉམས་མྱོང་ལ་ཞིབ་འཇུག་དང་དེ་དཔྱད་གཞིར་འཛིན་ནས་ཚན་རིག་དང་མཐུན་པ་དང་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱོད་བཞིན་ཡོད། དབྱིན་ཇི་ཕྱོགས་ཀྱིས་ཀྲུང་གོས་རྒྱབ་སྐྱོར་དང་རོགས་རམ་ཆེན་པོ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དབྱིན་ཇིར་ཡོད་པའི་ཀྲུང་གོའི་སྤྱི་དམངས་དང་ལྷག་པར་དུ་ཕྱི་སྦྱོང་སློབ་མ་ཚོའི་བདེ་ཐང་དང་བདེ་འཇགས་ལ་ལྟ་རྟོག་གང་ལེགས་བྱ་རྒྱུ་ཡིན། ངས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་ཚུལ་ལ་ཡོངས་སུ་མོས་མཐུན་ཞུ་བཞིན་ཡོད། རིམས་ནད་ཀྱི་མདུན་དུ། རྒྱལ་ཁབ་སུ་ཞིག་གིས་ཀྱང་ཁེར་སྡོད་རང་སྲུང་བྱེད་མི་རུང་བར། རྒྱལ་ཁབ་ཁག་དབར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་དགོས། དབྱིན་ཇི་ཕྱོགས་ཀྱིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གལ་ཆེའི་ནུས་པ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཕྱོགས་ཁག་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་འབྲེལ་ཡོད་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

  
style="display:none;"