མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:54】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཚེས་24ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་པར་ཙིར་གྱི་ཙུང་ཐུང་པོ་སུའོ་ནཱ་ལུའོ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་པར་ཙིར་སྲིད་གཞུང་དང་པར་ཙིར་མི་དམངས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱས་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་དང་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཉེ་དུས་རིམས་ནད་གོ་ལ་ཧྲིལ་པོའི་ས་ཆ་མང་པོར་ཐོན་པ་དང་མགྱོགས་མྱུར་མཆེད་ཡོད་པས། ད་ཆ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ནི་རྒྱལ་ཁབ་ཁག་གིས་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས། དུས་ཐོག་ཏུ་རིམས་ནད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱས་པ་མ་ཟད། སྦ་གསང་སྤུ་ཙམ་ཡང་མེད་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་སྤྱི་ཚོགས་དང་སྔོན་འགོག་ཚོད་འཛིན་དང་སྨན་བཅོས་ཉམས་མྱོང་མཉམ་སྤྱོད་བྱས་པ་དང་འབྲེལ། ནུས་ཤུགས་ཡོད་རྒུས་ཕྱོགས་ཁག་ལ་རོགས་སྐྱོར་བྱས་ཡོད། ངས་པར་ཙིར་གྱི་རིམས་ནད་གནས་ཚུལ་འགྱུར་ལྡོག་ལ་དོ་ཁུར་ཧ་ཅང་ཆེན་པོ་བྱེད་ཀྱི་ཡོད་ལ། པར་ཙིར་ཕྱོགས་ཀྱིས་རིམས་ནད་མཆེད་རྒྱུ་སྔ་ཙམ་འགོག་ཐུབ་རྒྱུའི་རེ་བ་ཡོད། ཚེས་24ཉིན་ཀྲུང་གོས་པར་ཙིར་ཚུད་པའི་ལ་ཏིང་མེ་གླིང་དང་ཅཱ་ལི་པིའི་རྒྱལ་ཁབ་དང་བརྙན་ལམ་ལས་དོན་ཚོགས་འདུ་འཚོགས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤེལ་རེས་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་པར་ཙིར་ཕྱོགས་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་འདོད་ཡོད་ལ། འཛམ་གླིང་ཁྱབ་ཁོངས་སུ་རིམས་ནད་མ་མཆེད་པ་བྱ་ཆེད། སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་རིམས་ནད་འགོག་རྒོལ་ཐད་བློས་གཏོང་ཆེན་པོ་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ལ་རྩ་ཆེའི་དུས་ཚོད་བརྩོན་ལེན་བྱས་པ་དང་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཀྱང་བདེན་པའི་གཞུང་སངས་སྲིད། ཀྲུང་པར་རྒྱལ་ཁབ་གཉིས་ནི་ཕན་ཚུན་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་རྒྱལ་ཁབ་ཡིན། ཕྱོགས་གཉིས་པོས་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་བྱས་ཏེ། ཕན་ཚུན་དབར་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་རྒྱབ་སྐྱོར་དང་། མཉམ་དུ་རྒྱལ་སྤྱིའི་སྤྱི་ཚོགས་ལ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་གསུང་སྒྲ་སྒྲོག་པ་དང་། མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་བརྡ་རྟགས་བརྒྱུད་སྤྲོད་བྱེད་པ་དང་ཆབས་ཅིག་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་འབོ་གསར་རྒྱལ་ཁབ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་མཐུད་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་པར་ཙིར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་མཉམ་དུ་སྲུང་སྐྱོང་ཡག་པོ་དང་འཕེལ་རྒྱས་ཡག་པོ་གཏོང་དགོས། ཀྲུང་གོ་དང་པར་ཙིར་རྒྱལ་ཁབ་གཉིས་པོས་མཉམ་དུ་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་ངེས་ཡིན་ལ་ཀྲུང་གོ་དང་པར་ཙིར་གྱི་ཕྱོགས་ཡོངས་ཀྱི་མཉམ་ལས་ཟམ་མི་ཆད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་མ་ཐེབས་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།
     པོ་སུའོ་ནཱ་ལུའོ་ཡིས། ད་ཆ་ཏོག་གསར་གློ་ཚད་རིམས་ནད་པར་ཙིར་དུ་མཆེད་པའི་གནས་ཚུལ་ཐོན་ཡོད། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ནས་དགོས་ངེས་ཀྱི་སྨན་བཅོས་དངོས་ཟོག་ཉོ་བར་ཀྲུང་གོ་ཕྱོགས་ཀྱིས་སྟབས་བདེ་སྐྲུན་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ། རེ་བར་ཀྲུང་གོ་ཕྱོགས་དང་མཉམ་དུ་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། མཉམ་དུ་རིམས་ནད་ལ་འགོག་རྒོལ་བྱས་ཏེ་རྒྱལ་ནང་དུ་རིམས་ནད་མཆེད་རྒྱུ་མགྱོགས་མྱུར་བཀག་འགོག་བྱ་རྒྱུ་ཡིན། ངས་རླབས་ཆེན་གྱི་ཀྲུང་གོ་མི་དམངས་ལ་གུས་འདུད་ཞུ་རྒྱུ་ཡིན་ལ། པར་ཀྲུང་མཛའ་གྲོགས་དང་པར་ཀྲུང་གི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བྲག་ལྟར་བརྟན་པོ་ཡོད་པ་བསྐྱར་བསྒྲགས་བྱ་རྒྱུ་ཡིན། པར་ཙིར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་གི་འབྲེལ་མཐུད་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། རིམས་ནད་ལ་འགོག་རྒོལ་དང་དཔལ་འབྱོར་སླར་གསོ་ཐུབ་ཆེད་ནུས་པ་ཡོད་ཚད་འདོན་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"