མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས། བཟོ་སྐྲུན་ལས་རིགས་དང་འཁོར་རྒྱུག་
ལས་རིགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག་གོ་རིམ་ལྡན་པའི་ངང་ལས་
འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་བྱེད་ཐབས་གཏན་འཁེལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་24ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ནས་བཟོ་སྐྲུན་ལས་རིགས་དང་འཁོར་རྒྱུག་ལས་རིགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་པ་དང་ཆབས་ཅིག གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་ཧུར་ཐག་གཏོང་བའི་བྱེད་ཐབས་གཏན་འཁེལ་གནང་བ་དང་། རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ནུས་པ་སྔར་བས་ཆེ་རུ་བཏང་ནས་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་བྱེད་དགོས་པའི་ལས་དོན་བཀོད་སྒྲིག་གནང་བ་རེད།
     ཚོགས་འདུའི་ཐོག མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་མཆེད་ཤུགས་ཆེ་བས་འཛམ་གླིང་གི་དཔལ་འབྱོར་ལ་གནོད་སྐྱོན་ཚབས་ཆེན་བཟོས་ཡོད་ལ། རྒྱལ་ནང་གི་དཔལ་འབྱོར་ལའང་ཛ་དྲག་པའི་འགྲན་སློང་རབ་དང་རིམ་པ་འཕྲད་ཡོད། དེ་བས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་གཞིར་བཟུང་། ནུས་ལྡན་གྱི་དགོས་མཁོ་རྒྱ་སྐྱེད་དང་། ཁེ་ལས་ལ་རོགས་རམ། ལས་ཞུགས་བརྟན་པོ་སོགས་ལ་ཁ་གཏད་གཅོག་ཐབས་སྔར་བས་ཕྱོགས་བསྡུས་ཀྱིས་ཞིབ་འཇུག་བྱས་ནས་དམིགས་སའི་རང་བཞིན་དེ་བས་ལྡན་པའི་ངང“བརྟན་པོ་དྲུག”གི་ལས་དོན་ཡག་པོ་སྒྲུབ་དགོས། ཚན་རིག་དང་མཐུན་པར་མུ་མཐུད་དུ་གནད་སྨིན་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཏེ་ནད་དཔེ་གསར་པ་་ཐོན་མ་ཐག་དུས་ཐོག་ཏུ་སྒྲིག་སྲོལ་ལྟར་ཐག་གཅོད་བྱས་ཁར། ཆ་འཕྲིན་སྦ་གསང་མེད་པར་ཡོངས་བསྒྲགས་བྱེད་དགོས། དེའི་རྨང་གཞིའི་ཐོག་བཟོ་སྐྲུན་ལས་རིགས་དང་འཁོར་རྒྱུག་ལས་རིགས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་གོ་རིམ་ལྡན་པའི་ངང་བྱེད་དགོས། གཅིག་ནི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་སྲུང་སྐྱོང་བྱས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་ཐོན་ལས་འཁོར་འབྲེལ་ཧྲིལ་པོ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་ཁྲོད་འཕྲད་པའི་དཀའ་ངལ་དང་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་པ་དང་། ལྷག་དོན་དུ་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་ཁྲོད་ཤུགས་རྐྱེན་ཆེན་པོ་ལྡན་པའི་ཁེ་ལས་དང་འགག་རྩའི་ཐོན་རྫས་ཐོན་སྐྱེད་ཕྱིར་གཏོང་འགན་ལེན་བྱེད་དགོས་པ། གཉིས་ནི་འཛད་སྤྱོད་ཀྱི་ལས་རྣམ་གསར་པ་སྐྱེད་སྲིང་དང་རྒྱ་སྟོབས་ཆེ་རུ་བཏང་ནས་དྲ་ཐོག་གི་སིལ་ཚོང་དང་། བཟའ་འཐུང་། ནད་བརྟག སློབ་གསོ་སོགས་ཀྱི་ཞབས་ཞུ་འཕེལ་རྒྱས་བཏང་ཁར། སྡེ་ཁུལ་གྱི་གྲོང་མིར་སྟབས་བདེ་སྐྲུན་པའི་འཛད་སྤྱོད་དྲ་རྒྱ་ཤར་གཏོང་བྱེད་པ་དང་། གྲོང་གསེབ་ཀྱི་དྲ་ཐོག་ཚོང་ཁང་གི་འཕེལ་རྒྱས་ལ་རྒྱབ་སྐྱོར་དང་ཞིང་ལས་ཐོན་རྫས་ཕྱིར་ཚོང་ལ་སྐུལ་འདེད་གཏོང་དགོས་པ། གསུམ་ནི་ཕྲན་ཚེགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་རོགས་སྐྱོར་བྱེད་པའི་ཐད་གཏན་འཁེལ་བྱས་ཟིན་པའི་སྲིད་ཇུས་བྱེད་ཐབས་གང་མགྱོགས་དོན་འཁྱོལ་བྱེད་དགོས། དངུལ་རྩའི་སྒྲིག་གཞིས་ཡིད་རྟོན་དངུལ་བུན་དང་། རྒྱུན་མཐུད་དངུལ་བུན། དུས་ཡུན་འབྲིང་ཐུང་གི་དངུལ་བུན་བཅས་ཀྱི་བསྡུར་གྲངས་མཐོ་རུ་གཏོང་རྒྱུར་ཁྲིད་སྟོན་དང་དངུལ་བུན་གཏོང་ཤུགས་ཆེ་རུ་གཏོང་རྒྱུར་སྐུལ་འདེད་བཏང་སྟེ་དངུལ་བུན་ཐོག་མར་རག་པའི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་རྒྱབ་སྐྱོར་དེ་བས་མང་བ་བྱེད་དགོས། ཁེ་ལས་ཆེ་གྲས་དང་གཙོ་གནད་ཁེ་ལས་ཀྱིས་རག་པའི་མ་རྩ་སྤྱད་དེ་མ་དངུལ་སྔོན་གཏོང་སོགས་ཀྱི་རྣམ་པ་བརྒྱུད། སྟོད་སྨད་རྒྱུད་ཀྱི་ཁེ་ལས་འབྲིང་ཆུང་དང་ཕྲན་ཚེགས་ཁེ་ལས་ལ་དངུལ་སྨར་སྤྲོད་རྒྱུར་སྐུལ་ལྕག་བྱས་ཏེ་ཐུན་མོང་ཐོག་འཕེལ་རྒྱས་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས་པ། བཞི་ནི་ཕྱི་ཕྱོགས་ཀྱི་དགོས་མཁོའི་མངགས་ཐོ་ཉུང་དུ་འགྲོ་བའི་རྣམ་པར་དམིགས་ནས་ཁེ་ལས་ཀྱིས་དྲ་ཐོག་ཏུ་ངོ་འཕྲད་གྲོས་མོལ་བྱེད་པ་དང་དྲ་ཐོག་ཏུ་ལས་སྒོ་གཉེར་རྒྱུར་རྒྱབ་སྐྱོར་བྱས་ཏེ་རང་འགུལ་ངང་མངགས་ཐོ་རག་ཐབས་བྱེད་པ་དང་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། རྒྱལ་སྤྱིའི་རིམས་ནད་ཀྱི་འགྱུར་ལྡོག་གསར་པར་དམིགས་ནས་འདི་ལོའི་དཔྱིད་དུས་ཀྱི་ཀོང་ཀྲོའུ་ཡི་ཚོང་འདུས་ཀྱི་དུས་ཚོད་ནར་འགྱངས་དང་དེ་བཞིན་དྲ་རྒྱ་བརྒྱུད་ནས་སྒྲུབ་གཉེར་སོགས་ཀྱི་ཚབ་གཉེར་ཇུས་གཞི་ཞིབ་འཇུག་བྱེད་དགོས་པ་བཅས་བསྟན་ཡོད།
     ཚོགས་འདུའི་ཐོག རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་ཟོག་འདྲེན་ནུས་པར་ཞན་ཆ་མངོན་གསལ་དོད་པོ་ལྡན་ཡོད་ལ། མིག་སྔར་རིམས་ནད་ཀྱི་གནོད་སྐྱོན་ཕོག་པའི་དབང་གིས་རྒྱལ་སྤྱིའི་མཁའ་འགྲུལ་འགྲུལ་སྐྱེལ་བྱེད་ཚད་ཉུང་དུ་ཕྱིན་ཏེ་འགྲུལ་སྐྱེལ་གནམ་གྲུས་ཟོག་འདྲེན་བྱེད་ཚད་ཤུགས་ཆེན་ཆག་ནས་རང་རྒྱལ་ཐོན་ལས་ཀྱི་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད། དེར་བརྟེན་བྱེད་ཐབས་ནུས་ལྡན་སྤྱད་དེ་རང་རྒྱལ་གྱི་རྒྱལ་སྤྱིའི་མཁའ་འགྲུལ་གྱི་ཟོག་འདྲེན་ནུས་པ་ཆེ་རུ་གཏོང་དགོས་ཤིང་། ཤར་གཏོང་དང་། སྐྱེལ་འདྲེན། མཁོ་སྤྲོད་བཅས་འགན་ལེན་བྱས་ནས་རྒྱལ་ནང་གི་དཔལ་འབྱོར་ལ་འདེགས་སྐྱོར་བྱེད་དགོས་ལ། རང་རྒྱལ་གྱི་ཟོག་འདྲེན་ལས་རིགས་ཀྱི་རྒྱལ་སྤྱིའི་འགྲན་ནུས་ཆེ་རུ་འགྲོ་རྒྱུར་སྐུལ་འདེད་ཀྱང་གཏོང་དགོས། གཅིག་ནས་རྒྱལ་སྤྱིའི་རོགས་ལས་ལ་ཤུགས་སྣོན་བརྒྱབ་ནས་རྒྱལ་སྤྱིའི་མྱུར་སྐྱེལ་སོགས་མཁའ་འགྲུལ་ཟོག་འདྲེན་ཤར་གཏོང་བྱས་ཏེ་རིམས་ནད་ཐོན་རིང་རྒྱལ་སྤྱིའི་ཟོག་འདྲེན་མཁའ་ལམ་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་དགོས་པ་དང་། གཉིས་ནས་མཁའ་འགྲུལ་ཟོག་འདྲེན་གྱི་ལྟེ་བའི་དྲ་བ་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཟོག་འདྲེན་ནུས་པ་ཆེ་བའི་གནམ་ཐང་གིས་དངོས་ཟོག་སྐྱེལ་འདྲེན་བྱེད་མང་བའི་དུས་ཀྱི་ཟོག་འདྲེན་དུས་གཏན་གནམ་གྲུའི་ལན་གྲངས་མང་དུ་གཏོང་དགོས་པ། གསུམ་ནས་མཁའ་འགྲུལ་གྱི་ཟོག་འདྲེན་ཚད་གཞིའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཟོག་འདྲེན་གྱི་འཛིན་ཡིག་སྟབས་བདེ་རུ་དང་ཤོག་མེད་ཅན་ལ་སྐུལ་འདེད་བཏང་ནས་མཁའ་འགྲུལ་ཀུང་སི་དང་། སྦྲག་སྲིད་མྱུར་སྐྱེལ། དོས་སྐྱེལ་ས་ཚིགས་སོགས་ཀྱིས་ཕན་ཚུན་ཤར་གཏོང་དང་མཉམ་སྤྱོད་ཀྱི་ཟོག་འདྲེན་ཆ་འཕྲིན་ལས་སྟེགས་འཛུགས་དགོས་པ་བཅས་བསྟན་ཡོད།

  
style="display:none;"