མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྥ་རན་སེར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་ཧྥ་རན་སེའི་ཙུང་ཐུང་
མཱ་ཁེ་ལུང་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 12:02】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་21ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་ལ་གློག་འཕྲིན་བཏང་གནང་ནས་ཉེ་དུས་ཧྥ་རན་སེར་ཏོག་གསར་གློ་ཚད་ཀྱི་རིམས་ནད་ཐོན་པར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ཏེ་ཧྥ་རན་སེ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་ལྟ་རེས་སྐྱོང་རེས་དང་སྐྱིད་སྡུག་མཉམ་མྱོང་ནི་ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འབྲེལ་བའི་སྲོལ་རྒྱུན་བཟང་པོ་ཞིག་ཡིན། ཧྥ་རན་སེ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཀྲུང་གོས་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་པའི་ཐད་རྒྱབ་སྐྱོར་དང་འཚམས་འདྲི་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་རེད། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཧྥ་རན་སེ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པའི་འབད་འཐབ་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ནས་ཧྥ་རན་སེ་ཕྱོགས་དང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕན་ཚུན་རོགས་རམ་བྱེད་རིང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཉམ་དུ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་འདོད་ཡོད། ཀྲུང་གོ་དང་ཧྥ་རན་སེ་གཉིས་པོ་ནི་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ལས་འགན་རྒྱུན་འཛིན་བྱེད་མཁན་རྒྱལ་ཁབ་ཡིན་པའི་ངོས་ནས་མིའི་རིགས་ཡོངས་ཀྱི་ཚེ་སྲོག་བདེ་འཇགས་སྲུང་སྐྱོང་གི་འགན་འཁྲི་གལ་ཆེན་མཉམ་དུ་འཁུར་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་དང་དེ་བཞིན་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་ཐད་སྲོག་ཤིང་གི་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱས་ཏེ་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ཅིག་གཏོད་འདོད་ཡོད་ཅེས་གསུངས་ཤིང་། ཞི་ཅིན་ཕིང་གིས་ངས་ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད་པས་ཙུང་ཐུང་མཱ་ཁེ་ལུང་དང་མཉམ་དུ་འབད་བརྩོན་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཕྱོགས་གཉིས་པོའི་འབྲེལ་བའི་ལས་དོན་ཁག་ལ་སྤྱི་འདོམས་ཡག་པོ་བྱས་ནས་ཀྲུང་གོ་དང་ཧྥ་རན་སེའི་དབར་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་བརྟེན་ཏེ་རིམས་ནད་ལ་མཉམ་དུ་འགོག་རྒོལ་བྱེད་པའི་ཉམས་སད་ཐེག་ཐུབ་པར་བྱས་ནས་མུ་མཐུད་མདུན་ཕྱོགས་སུ་འཕེལ་རྒྱས་ཡོང་བ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"