མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་24ཉིན། 11:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཚེས་23ཉིན་གྱི་དགོང་མོར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད། 
     ཞི་ཅིན་ཕིང་གིས་ད་ལོའི་ཟླ་དང་པོ་ནས་བཟུང་ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སྐབས་སུ་སྐུ་ཞབས་ཙུང་ཐུང་ངེད་གཉིས་ཀས་ཐེངས་3ལ་ཁ་བརྡ་བྱས་པས་ང་ཚོའི་བར་གྱི་ཚད་མཐོའི་ཡིད་ཆེས་དང་དེ་བཞིན་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བའི་ཆུ་ཚད་མཐོན་པོ་གང་ལེགས་སུ་མངོན་ཡོད། རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་བྱེད་པའི་མཛའ་མཐུན་སྲོལ་རྒྱུན་དར་སྤེལ་བཏང་བ་དང་། ཕན་ཚུན་སྨན་བཅོས་རིམས་འགོག་དངོས་རྫས་རོགས་སྐྱོར་བྱེད་རེས་བྱས་ཏེ། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ལྟ་རེས་སྐྱོང་རེས་དང་དུས་ངལ་མཉམ་སེལ་བྱེད་པར་མིག་དཔེ་བསྟན་ཡོད། ངས་མིག་སྔའི་ཡོ་རོབ་དང་ཧྥ་རན་སེའི་རིམས་ནད་འཕེལ་རྒྱས་ལ་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་ཧུར་ཐག་དང་ནུས་ལྡན་གྱི་སྔོན་འགོག་ཚོད་འཛིན་བྱེད་ཐབས་རབ་དང་རིམ་པ་སྤེལ་བཞིན་ཡོད་ལ། ངས་ཧྥ་རན་སེ་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་པ་དང་འབྲེལ་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་ལ་ནུས་པས་གང་ལྕོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་བྱེད་འདོད་ཡོད་ཅེས་གསུངས་པ་རེད། 
    ཞི་ཅིན་ཕིང་གིས་དྲིས་ལན་དུ་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ངོ་སྤྲོད་གནང་ནས་ཀྲུང་གོ་དང་ཧྥ་རན་སེས་ཐུན་མོང་ཐོག་རྒྱལ་སྤྱི་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱེད་པའི་དཀའ་ཚེགས་ཆེ་བའི་འགན་འཁྲི་ཁུར་ཡོད་པས་ཕྱོགས་གཉིས་པོས་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱེད་པ་དང་། མཉམ་འབྲེལ་ཞིབ་འཇུག་རྣམ་གྲངས་ལ་སྐུལ་འདེད་གཏོང་བ། རྒྱལ་མཚམས་ཀྱི་འཕྲོད་བསྟེན་ནད་ཡམས་ཞིབ་བཤེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ། ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་ནད་སྔོན་འགོག་ཚོད་འཛིན་ཡག་པོ་བྱེད་རོགས་བྱེད་པ་བཅས་བྱས་ནས་འཕྲོད་བསྟེན་དང་བདེ་ཐང་གི་ཐུན་མོང་སྒྲིག་གཞི་ཧུར་ཐག་གཏོད་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་དང་མཉམ་དུ་འབྲེལ་ཡོད་ཕྱོགས་ཁག་གིས་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་ཁབ་ཉི་ཤུའི་ཚོགས་པ་སོགས་སྒྲོམ་གཞིའི་འོག་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུར་སྐུལ་འདེད་གཏོང་བ་དང་། མཉམ་འགོག་མཉམ་བཅོས་བྱེད་པ། གོ་ལ་ཧྲིལ་པོའི་འཕྲོད་བསྟེན་བཅོས་སྐྱོང་འཐུས་སྒོ་ཚང་དུ་གཏོང་བ། དར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་དགོས་མཁོ་ཡོད་པའི་རྒྱལ་ཁབ་གཞན་དག་གི་ནུས་ཤུགས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུར་རོགས་རམ་བྱེད་པ། རིམས་ནད་ལས་འཛམ་གླིང་དཔལ་འབྱོར་ལ་ཕོག་ཐུག་བཟོས་པར་འགོག་རྒོལ་བྱེད་པ་བཅས་བྱས་ཏེ་མཉམ་ལས་ཀྱི་ཉི་ཟེར་གྱིས་རིམས་ནད་ཀྱི་མུན་མག་སེལ་དུ་འཇུག་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
     མཱ་ཁེ་ལུང་གིས་མིག་སྔའི་ཧྥ་རན་སེའི་རྒྱལ་ནང་གི་རིམས་ནད་དུས་བབ་དང་དེ་བཞིན་སྤྱོད་བཞིན་པའི་འབྲེལ་ཡོད་བྱ་ཐབས་ངོ་སྤྲོད་བྱས་ཤིང་། མཱ་ཁེ་ལུང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་བློ་སྟོབས་ཆེན་པོ་དང་འཕྲལ་ཐག་ཆོད་པའི་བྱེད་ཐབས་སྤྱད་དེ་དུས་ཡུན་ཐུང་ངུའི་ནང་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པས་ངས་དེར་ཚད་མཐོའི་བསྔགས་བརྗོད་བྱ་རྒྱུ་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་པོའི་འཕྲོད་བསྟེན་མཉམ་ལས་བྱེད་པ་དང་འབྲེལ་ཕྱོགས་ཁག་གིས་རྒྱལ་ཁབ་ཉི་ཤུའི་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཕྱོགས་མང་སྒྲོམ་གཞིའི་ནང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ལག་གདང་སྦྲེལ་ཏེ་རིམས་ནད་ལས་རྣམ་པར་རྒྱལ་བ་དང་། རིམས་ནད་ལས་འཛམ་གླིང་དཔལ་འབྱོར་ལ་ཕོག་ཐུག་བཟོས་པར་ཁ་གཏད་གཅོག་འདོད་ཡོད་ཅེས་གསུངས་པ་རེད། 
     རྒྱལ་ཁབ་གཉིས་པོའི་གཙོ་བདག་གིས་འབྲེལ་གཏུག་དམ་ཟབ་རྒྱུན་འཁྱོངས་དང་ཕྱོགས་གཉིས་པོའི་ཁྱབ་ཁོངས་ཁག་གི་འགྲོ་འོང་དང་མཉམ་ལས་ལ་སྐུལ་འདེད་བཏང་སྟེ་ཀྲུང་གོ་དང་ཧྥ་རན་སེའི་འབྲེལ་བ་མུ་མཐུད་ཆུ་ཚད་མཐོན་པོའི་ཐོག་མདུན་ཕྱོགས་སུ་འཕེལ་རྒྱས་གཏོང་རྒྱུའི་འགན་ལེན་བྱས་ནས་ཀྲུང་གོ་དང་ཧྥ་རན་སེ་དང་། ཀྲུང་གོ་དང་ཡོ་རོབ་ཀྱི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་བར་སྲུང་སྐྱོང་བྱ་རྒྱུའི་མོས་མཐུན་གནང་བ་རེད། 

  
style="display:none;"