མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ་དང་། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་དོན་འཁྱོལ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གཙོ་གནད་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་དགོས། མིག་སྔར། ཝུའུ་ཧན་གྲོང་ཁྱེར་འཐབ་ས་གཙོ་བོར་བྱས་པའི་རྒྱལ་ཡོངས་ཁུལ་གྱི་རིམས་ནད་མཆེད་རྒྱུ་སྤྱིར་ན་བཀག་འགོག་ཐུབ་མོད། འོན་ཀྱང་ནད་དཔེ་ཐར་ཐོར་ཐོན་པ་དང་ས་ཁུལ་ཆ་ཤས་སུ་རིམས་ནད་ཐོན་ཆེ་བའི་ཉེན་ཁ་སྔར་བཞིན་གནས་ཡོད་པ་དང་། རིམས་ནད་གོ་ལ་ཧྲིལ་པོར་རྒྱ་ཁྱབ་མཆེད་ནས་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་པས། རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱས་ཏེ་སྣང་མེད་ལྷོད་གཡེང་གཏན་ནས་གཏོང་རྒྱུ་མེད། “ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་དུ་ཐོན་རྒྱུ་འགོག་པའི”སྤྱིའི་སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་ལག་ལེན་བསྟར་ནས། ཐོབ་པར་དཀའ་བའི་སྔོན་འགོག་ཚོད་འཛིན་གྱི་གྲུབ་འབྲས་སྲུང་སྐྱོང་ཡག་པོ་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་དང་ཧུའུ་པེ་ཞིང་ཆེན་གྱིས་སྨན་བཅོས་སྐྱོབ་བཅོས་དང་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་ལྷུ་ཚིགས་གཉིས་དམ་པོར་བཟུང་ནས། ནད་ལྕིའི་ནད་པ་སྐྱོབ་བཅོས་མུ་མཐུད་ཡག་པོ་བྱེད་པ་དང་། གསར་དུ་ཐོན་པའི་ནད་དཔེ་དུས་ཐོག་ཏུ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་པ་དང་སྦྲགས། རིམས་ནད་རིག་པ་བརྟག་དཔྱད་ལས་དོན་ཡག་པོ་སྒྲུབ་དགོས། ས་གནས་ཁག་གིས་དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་གྱི་སྒོ་ནས་ཆ་འཕྲིན་ཁྱབ་བསྒྲགས་བྱེད་པ་ལས་སྦ་གསང་བྱས་ནས་སྙན་སེང་མི་ཞུ་བ་དང་སྙན་སེང་ཞུ་རྒྱུ་ལུས་མི་ཆོག་པ་དང་། རིམས་ནད་གནས་ཚུལ་ཤེས་རྟོགས་བྱུང་ཚེ། གནད་སྨིན་དོ་དམ་ཚོད་འཛིན་བྱེད་པ་དང་། ནད་དཔེ་ཐོན་པ་དང་མཆེད་སྲིད་པའི་ཁུལ་ལ་དམིགས་ནས་ཚད་ཡོད་ཀྱི་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་དགོས། རྒྱལ་སྤྱིའི་སྤེལ་རེས་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་དང་། རིམས་ནད་རྒྱལ་མཚམས་སྒྲོལ་ནས་འགོ་བ་དང་མཆེད་རྒྱུ་གནད་སྨིན་དང་ནུས་ལྡན་ངང་འགོག་ཟོན་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་ཆེད་ནུས་པས་ལྕོགས་ཚོད་ཀྱི་རོགས་རམ་བྱེད་པ་དང་འབྲེལ། ཕྱི་རྒྱལ་ཚོང་ལས་ཀུང་སིས་རིམས་འགོག་དངོས་ཟོག་ཉོ་རྒྱུར་སྟབས་བདེ་བསྐྲུན་པ་དང་སྤུས་ཚད་འགན་ལེན་བྱེད་དགོས། ཕྱི་རྒྱལ་དུ་བཅའ་སྡོད་རང་རྒྱལ་གྱི་གཞུང་ཚབ་ཁང་དང་འབྲེལ་ཡོད་ཕྱོགས་ཀྱིས་ཕྱི་རྒྱལ་དུ་ཡོད་པའི་རང་རྒྱལ་གྱི་སྤྱི་དམངས་ལ་གཞུང་ཚབ་ཀྱི་སྲུང་སྐྱོང་དང་རིམས་ནད་འགོག་སྲུང་གི་རོགས་རམ་བྱས་ནས་ཁོང་ཚོར་དཀའ་གནད་སེལ་རོགས་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཚན་རིག་དང་མཐུན་ལ་གནད་སྨིན་གྱི་སྒོ་ནས་སྔོན་འགོག་ཚོད་འཛིན་བྱེད་པ་དང་དུས་མཚུངས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་ཧུར་བརྩོན་དང་གོ་རིམ་ལྡན་པའི་ངང་སྐུལ་འདེད་གཏོང་དགོས། ཁེ་ལས་དང་བྱ་གཞག་ཚན་པ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ཕྱོགས་སྟོན་དུས་བསྟུན་སྟབས་བསྟུན་གྱི་སྒོ་ནས་ལེགས་སྒྲིག་དང་བཟང་སྒྲིག་བྱེད་དགོས། རིམས་ནད་ཀྱི་ཉེན་ཁ་རྒྱུན་མཐུད་ཆུང་བའི་རྒྱལ་ཡོངས་ཀྱི་ཞིང་ཆེན་མང་ཆེ་བས་ཞིང་ཆེན་ས་ཁོངས་ཚན་པར་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་སླར་གསོ་ཐུབ་རྒྱུར་སྐུལ་འདེད་བཏང་ནས། རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་དང་མི་འཚམ་པའི་སྔོན་འགོག་ཚོད་འཛིན་བྱ་ཐབས་དུས་ཐོག་ཏུ་ལེགས་སྒྲིག་དང་མཚམས་འཇོག་བྱེད་དགོས། ཞིབ་མཆན་འགོད་པ་དང་ཐོ་འགོད་སྙན་སེང་སོགས་ཀྱི་བྱ་ཐབས་སྤྱད་དེ་ཁེ་ལས་ལས་འགོ་བསྐྱར་དུ་འཛུགས་རྒྱུ་ནར་འགྱངས་བྱེད་མི་ཆོག ས་ཆ་གཞན་གྱི་མི་ལས་གནས་ཐོག་ལོག་རྒྱུར་ལུགས་དང་མི་མཐུན་པའི་ཚད་བཀག་བྱ་ཐབས་དུས་ཚོད་དམ་འཛིན་གྱིས་མེད་པ་བཟོ་དགོས་པ་དང་། ཉེན་ཁ་ཆེ་བ་དང་འབྲིང་བའི་ས་ཁུལ་ནས་ཡོང་བའི་མི་སྣ་ཉུང་ཤས་ཕུད། མི་སྣ་གཞན་དག་ལ་ལས་གནས་ཐོག་མ་བསྐྱོད་གོང་གི་ལོགས་འཇོག་བྱ་ཐབས་སྤྱོད་རྒྱུ་མིན། ས་གནས་དང་ཚན་པའི་འགན་འཁྲི་ནན་དཀྲིས་བྱེད་པ་དང་། ལས་ཀ་བྱེད་ཡུལ་དུ་རླུང་འགྲོ་དང་། གཙང་སྦྲ་དུག་སེལ་ཡག་པོ་བྱས་ནས། ས་གནས་དེ་གའི་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་གཞིར་བཟུང་གཟུགས་གཞི་བདེ་ཐང་གི་ལྟ་ཞིབ་ཚད་ལེན་དང་ལས་བཟོའི་འགོག་སྲུང་ཡག་པོ་བྱེད་དགོས། ས་གནས་ཁག་གིས་ཚ་རྒྱས་སྒོ་བསྟེན་སྨན་ཁང་དང་། སྔོན་མངགས་བརྟག་དཔྱད་དང་། ཁག་དབྱེ་ནད་བརྟག་སོགས་ཀྱི་ལམ་ལུགས་མུ་མཐུད་ལག་ལེན་བསྟར་ནས་འཕྲལ་སྡོམ་ཐག་གཅོད་ཀྱི་ནུས་པ་རྒྱུན་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་གི་གོ་རིམ་ཤར་བགྲོད་ཐུབ་པའི་འགན་ལེན་བྱས་ནས། སྔ་ཙམ་ནས་ཤེས་རྟོགས་ཐུབ་པ་དང་། སྔ་ཙམ་ནས་སྙན་ཞུ་འབུལ་བ། སྔ་ཙམ་ནས་ལོགས་སུ་འཇོག་པ། སྔ་ཙམ་ནས་སྨན་བཅོས་ཐུབ་པ་བཅས་བྱེད་དགོས། སྔོན་འགོག་གི་ལས་དོན་ལེགས་པར་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲོ་ལམ་དང་སྤྱི་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཞབས་ཞུ་ཕྱོགས་ཡོངས་ནས་སླར་གསོ་ཐུབ་པ་བྱེད་དགོས། ཟོག་འགྲེམས་གླིང་དང་། དོས་སྐྱེལ་ས་ཚིགས། མྱུར་སྐྱེལ་སྡེབ་སྐྱེལ་དྲ་ཚུགས་སོགས་ཕྱོགས་ཡོངས་ནས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་། ཁེ་ལས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། མང་ཚོགས་ཀྱི་འཚོ་བ་བཅས་ཁྲོད་ཀྱི་དངོས་ཡོད་དཀའ་ངལ་དུས་ཐོག་ཏུ་མཐུན་སྦྱོར་དང་ཐག་གཅོད་བྱས་ཏེ། དངོས་སྒྲུབ་ལ་སྐུལ་ལྕག་དང་ཕན་འབྲས་དངོས་ཐོན་པ་བྱེད་པ་ལས་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་བྱེད་མི་རུང་།
     ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་མཉམ་དུ་སྔོན་འགོག་ཚོད་འཛིན་ལམ་སྲོལ་གྱིས་ས་གནས་ཁག་ལ་ཁོངས་གཏོགས་ས་ཆའི་འགན་འཁྲི་དོན་འཁྱོལ་བྱེད་རྒྱུར་མཛུབ་ཁྲིད་བྱེད་དགོས་པ་དང་། ཧུའུ་པེ་ཞིང་ཆེན་དང་རང་འགུལ་ངང་སྦྲེལ་མཐུད་བྱས་ཏེ་ས་ཆ་གཞན་དུ་ལུས་པའི་ཧུའུ་པེའི་མི་སྣ་ཕ་ཡུལ་དུ་ལོག་པ་དང་ཐེམ་ཁོངས་ཧུའུ་པེ་ནས་ཡིན་པའི་གླ་པ་རྒྱུག་མཁན་ལས་གནས་ཐོག་སྐྱོད་པ་སོགས་ཀྱི་ལས་དོན་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ལེགས་པར་སྒྲུབ་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"