མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་དང་ཀྲུང་ནའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་
རྟེན་འབྲེལ་ཞུ་བའི་གློག་འཕྲིན་སྤྲིངས་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་23ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་3ཚེས་22ཉིན་ན་སྨི་པི་ཡའི་ཙུང་ཐུང་ཀེན་ཀོ་པུའུ་དང་ཕན་ཚུན་རྟེན་འབྲེལ་གློག་འཕྲིན་སྤྲིངས་རེས་གནང་ནས་རྒྱལ་ཁབ་གཉིས་བར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བར་རྟེན་འབྲེལ་ཞུས་པ་རེད།
    ཞི་ཅིན་ཕིང་གིས་རྟེན་འབྲེལ་གློག་འཕྲིན་ནང་ཀྲུང་ནའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30སོང་རིང་རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཕྱོགས་གཉིས་པོས་ཐོག་མཐའ་བར་གསུམ་དུ་ཕྱར་བ་གྲུ་འདེགས་དང་ལག་གདང་སྦྲེལ་ནས་མདུན་བསྐྱོད་བྱས་ཡོད། ཉེ་བའི་ལོ་ཤས་རིང་། ང་དང་ཙུང་ཐུང་ཀེན་ཀོ་པུའི་དབར་ཐུག་འཕྲད་ཐེངས་མང་བྱས་ནས་ཀྲུང་ནའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཛུགས་པ་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་དང་། རྒྱལ་ཁབ་གཉིས་པོའི་འབྲེལ་བ་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་ཁྲིད་སྟོན་བྱས་པས་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་བཏང་ཡོད། ངས་ཀྲུང་ནའི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཀེན་ཀོ་པུའུ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་30འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་དང་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བའི་ལོ་རྒྱུས་རང་བཞིན་གྱི་གོ་སྐབས་དམ་འཛིན་ཡག་པོ་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་དུ་དང་། དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ཏེ་དུས་རབས་གསར་པའི་ཀྲུང་ནའི་འབྲེལ་བ་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན་ནས་དེ་བས་དམ་ཟབ་ཀྱི་ཀྲུང་ཧྥེའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་ཆེད་ནུས་པ་དེ་བས་ཆེ་བ་འདོན་འདོད་ཡོད་ཅེས་གསུངས་ཡོད།
     ཀེན་ཀོ་པུའུ་ཡིས་རྟེན་འབྲེལ་གློག་འཕྲིན་ནང་རྒྱལ་ཁབ་གཉིས་པོའི་དབར་ཕྱི་འབྲེལ་བཙུགས་ཚུན་ཐོག་མཐའ་བར་གསུམ་དུ་མཐུན་སྒྲིལ་དང་གཉིས་ཁེ་མཉམ་ལས་མཐའ་འཁྱོངས་བྱས་པ་དང་ན་ཀྲུང་དབར་གྱི་མཛའ་གྲོགས་ཀྱིས་དུས་རབས་ཀྱི་འཕོ་འགྱུར་དང་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་གི་ཚོད་བགམ་ཐེག་ཡོད། ལོ་རྒྱུས་ཀྱི་འགག་རྩའི་དུས་སྐབས་གསར་པར་ལངས་ནས་ན་སྨི་པི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་གསོན་ཤུགས་གསར་པ་བསྣན་ཏེ་ཞི་བདེ་དང་། དར་རྒྱས། བརྟན་ལྷིང་བཅས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་དཔའ་ངར་ཆེན་པོས་འཐབ་རྩོད་བྱས་པ་བརྒྱུད་ཏོག་གསར་གློ་ཚད་རིམས་ནད་ཚོད་འཛིན་ནུས་ལྡན་ཐུབ་པར་ན་སྨི་པི་ཡའི་སྲིད་གཞུང་དང་མི་དམངས་ཀྱིས་བསྔགས་བརྗོད་བྱ་རྒྱུ་ཡིན་ལ། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོར་རིམས་་ནད་མཆེད་རྒྱུ་འགོག་རྒོལ་བྱེད་འདོད་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གི་བློ་བརྟན་འགྱུར་མེད་ཀྱི་འགོ་ཁྲིད་འོག་ཀྲུང་གོ་སྔར་བས་དར་རྒྱས་གོང་འཕེལ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་གསུངས་ཡོད་པ་རེད།

  
style="display:none;"