མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ས་གནས་ཁག་གིས་དངོས་ཐོག་བདེན་འཚོལ་དང་། ཡོངས་བསྒྲགས་ཁ་གསལ་ངང་རིམས་ནད་ཀྱི་
ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས་པ་ལས་སྙན་ཞུ་སྦ་གསང་དང་སྙན་ཞུ་ཆད་ལུས་བྱེད་མི་ཆོག་ཅེས་གསུངས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་25ཉིན། 12:43】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། “ས་གནས་ཁག་གིས་དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་ངང་རིམས་ནད་ཀྱི་ཆ་འཕྲིན་ཁྱབ་བསྒྲགས་བྱེད་དགོས།” ཟླ་3ཚེས་23ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་ཐོག“དངོས་ཐོག་བདེན་འཚོལ་ཞེས་པ་ནི་དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྔོན་འགོག་ཚོད་འཛིན་ཡག་པོ་བྱས་ཏེ། གལ་སྲིད་རིམས་ནད་ཐོན་ཚེ་འཕྲལ་དུ་གནད་སྨིན་དོ་དམ་ཚོད་འཛིན་བྱས་ནས་ནད་དཔེ་དང་མཆེད་སྲིད་པའི་ས་ཆ་ནུས་ལྡན་གྱི་ཁྱབ་ཁོངས་སུ་ཚོད་འཛིན་བྱེད་པར་ཟེར། ཡོངས་བསྒྲགས་ཁ་གསལ་ཞེས་པ་ནི་ནད་དཔེ་གཅིག་ཤེས་རྟོགས་བྱུང་ན་སྙན་ཞུ་གཅིག་བྱེད་པ་དང་། ཇི་འདྲ་ཡིན་ཡང་དེ་ཡིན་པས་སྙན་ཞུ་སྦ་གསང་དང་སྙན་ཞུ་ཆད་ལུས་བྱེད་མི་ཆོག་པར་ཟེར”ཞེས་ནན་བཤད་གནང་བ་རེད།
     ལི་ཁེ་ཆང་གིས་མིག་སྔར་ཝུའུ་ཧན་གྲོང་ཁྱེར་གྱིས་གཡུལ་ས་གཙོ་བོར་བྱས་པའི་རྒྱལ་ཡོངས་ཀྱི་ས་གནས་དེ་རང་གི་རིམས་ནད་མཆེད་རྒྱུ་གཞི་རྩའི་ཆ་ནས་བཀག་འགོག་བྱས་ཡོད་མོད། འོན་ཀྱང་སིལ་བུར་ཐོན་པའི་ནད་དཔེ་དང་ས་གནས་ཁག་གཅིག་ཏུ་ཐོལ་བྱུང་རིམས་ནད་ཐོན་པའི་ཉེན་ཁ་སྔར་བཞིན་གནས་ཡོད་པ་མ་ཟད། རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་ཆེན་པོས་མཆེད་པས་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད། རྒྱལ་ཁབ་ཕྱི་ནང་གི་རིམས་ནད་རིག་པའི་རིགས་གཅིག་མཁས་ཅན་གྱིས་གྲངས་གཞི་སྣ་ཚོགས་ཀྱི་དཔེ་དབྱིབས་བཟོས་པ་བརྒྱུད་རིམས་ནད་ཀྱི་འཕེལ་ཕྱོགས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཞིབ་འཇུག་བརྡར་གཅོད་བྱས་ནས་ད་ཐེངས་ཀྱི་རིམས་ནད་དེ་དེ་སྔའི་SARSལྟར་གློ་བུར་དུ་མེད་པར་འགྱུར་མི་སྲིད་ཅེས་ཡོངས་ཁྱབ་ངང་ངོས་འཛིན་བྱས་པ་རེད། དེར་བརྟེན་ང་ཚོར་ངེས་པར་དུ་དེ་བས་དཀའ་ཚེགས་ཆེ་བ་དང་དེ་བས་ཡུན་རིང་གི་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པའི་བསམ་བློའི་གྲ་སྒྲིག་ཡག་པོ་ཡོད་དགོས་ཞེས་གསུངས།
     ཙུང་ལིས“མིག་སྔའི་རིམས་ནད་གནས་ཚུལ་ལ་བལྟས་ན། རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་མཁས་ཅན་ཚོས་དབྱེ་ཞིབ་བྱས་པར་ཚན་རིག་གི་གཞི་འཛིན་ས་ཡོད།” “དེས་ང་ཚོའི་སྔོན་འགོག་ཚོད་འཛིན་ལས་དོན་ལ་དེ་བས་ཛ་དྲག་གི་འགྲན་སློང་བཏོན་ཡོད། མིག་སྔར་རྒྱལ་ནང་གི་ས་གནས་དེ་རང་གི་རིམས་ནད་མཆེད་པ་སྤྱིར་ན་བཀག་འགོག་བྱས་ཡོད་མོད། འོན་ཀྱང་དེས་སིལ་བུར་ཐོན་པའི་ནད་དཔེ་སླར་ཡང་མི་ཐོན་པ་མཚོན་གྱི་མེད། ངེས་པར་དུ‘སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་ཞུ། སྔ་ཙམ་ལོགས་འཇོག སྔ་ཙམ་སྨན་བཅོས’བཅས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བ་བྱས་ནས་རིམས་ནད་ས་གནས་ཁག་གཅིག་དང་ཐ་ན་ཁྱབ་ཁོངས་དེ་བས་ཆེ་བའི་ནང་སླར་ཡང་ཐོན་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས”ཞེས་གསུངས།
    ལི་ཁེ་ཆང་གིས་མིག་སྔར་རྒྱལ་ཡོངས་ཀྱི་ས་ཁུལ་མང་ཆེ་བར་བསྟུད་མར་ཉིན་ཤས་རིང་གཏན་འཁེལ་བྱུང་བའི་ནད་དཔེའི་སྙན་ཞུ་འབྱོར་མེད་པ་རེད། དེ་ནི་མི་དམངས་མང་ཚོགས་ཀྱིས་རེ་སྒུག་བྱེད་པ་ཞིག་རེད། འོན་ཀྱང་རིམས་ནད་ཀྱི་བསྡོམས་རྩིས་གྲངས་གཞི་ངེས་པར་དུ་དུས་ཐོག་དང་། བདེན་པ། གནད་ལ་འཁེལ་བ་ཡོད་དགོས་པ་ལས། སྙན་ཞུ་མེད་པའི་ཆེད་དུ་སྦ་གསང་བྱས་ནས་སྙན་སེང་མི་ཞུ་བ་དང་སྙན་ཞུ་ཆད་ལུས་གཏན་ནས་བྱེད་མི་རུང་ཞེས་གསུངས།
     ལི་ཁེ་ཆང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་ངེས་པར་དུ་ཐོག་མཐའ་བར་གསུམ་དུ་དངོས་ཐོག་བདེན་འཚོལ་དང་ཡོངས་བསྒྲགས་ཁ་གསལ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས། དེ་ལྟར་བྱས་ཚེ་མི་དམངས་མང་ཚོགས་ཀྱི་དོགས་ཟོན་རང་བཞིན་དང་རང་འགུལ་ངང་སྔོན་འགོག་བྱེད་པའི་རང་རྟོགས་རང་བཞིན་ཆེ་རུ་འགྲོ་རྒྱུ་དང་། དེས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དོན་ཐོག་ཏུ་འཁྱོལ་རྒྱུར་ཕན་པ་དང་རིམས་ནད་བསྐྱར་ལོག་མི་ཡོང་བ་བྱ་རྒྱུར་ཕན་པ་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"