མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་26ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་3ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་འདི་ལོའི་ཟླ་དང་པོ་ནས་བཟུང་ཏོག་གསར་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་དེར་ངས་སྐུ་ཞབས་ཙུང་ཐུང་དང་ཞལ་པར་ཐོག་ནས་བཀའ་མོལ་ཐེངས་གསུམ་བྱས་པ་དེ་ཐོག་ནས་ང་ཚོའི་དབར་ཕན་ཚུན་ཡིད་ཆེས་ཆེན་པོ་བྱེད་པ་དང་དེ་བཞིན་ཀྲུང་ཧྥའི་འབྲེལ་བའི་ཆུ་ཚད་མཐོ་པོ་གང་ལེགས་མཚོན་ཡོད། རྒྱལ་ཁབ་གཉིས་པོས་ཕན་ཚུན་གདུང་སེམས་མཉམ་སྐྱེ་དང་རྒྱབ་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་བ་དང་སྨན་བཅོས་རིམས་འགོག་དངོས་ཟོག་ཐད་ཕན་ཚུན་རོགས་རམ་བྱས་ནས་རྒྱལ་ཁབ་ཁག་གི་མི་དམངས་ལྟ་རེས་སྲུང་རེས་དང་དུས་སྐབས་ཀྱི་ངལ་བ་ཁྱད་བསད་བྱ་ཆེད་མིག་དཔེ་བཟང་པོ་ཞིག་བསྟན་ཡོད། ངས་མིག་སྔའི་ཡོ་རོབ་དང་ཧྥ་རན་སེའི་རིམས་ནད་ཀྱི་གནས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད། ཧྥ་རན་སེ་ཕྱོགས་ཀྱིས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱོད་བཞིན་ཡོད་པས་ཧྥ་རན་སེའི་སྲིད་གཞུང་དང་མི་དམངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་རྒྱུ་མ་ཟད། བློ་བརྟན་འགྱུར་མེད་ཀྱི་རྒྱབ་སྐྱོར་ཡང་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་ཕྱོགས་ལ་མུ་མཐུད་ནུས་པས་གང་ལྕོགས་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ངོ་སྤྲོད་གནང་བ་དང་ཀྲུང་ཧྥ་རྒྱལ་ཁབ་གཉིས་ཀྱིས་རྒྱལ་སྤྱི་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པའི་དཀའ་ཚེགས་ཆེ་བའི་ལས་འགན་འཁུར་ཡོད་པས་ཕྱོགས་གཉིས་པོས་ལྷག་བསམ་རྣམ་དག་ངང་མཉམ་ལས་བྱས་ཏེ་མཉམ་འབྲེལ་གྱི་ཞིབ་འཇུག་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་ཀྱི་འཕྲོད་བསྟེན་དང་རིམས་ནད་ཞིབ་བཤེར་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱེད་པ་བཅས་བྱས་ཏེ་མཉམ་དུ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ལ་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རོགས་བྱེད་པ་དང་འཕྲོད་བསྟེན་དང་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་ནུས་ཤུགས་ཡོད་རྒུས་གཏོད་དགོས་པའི་ནན་བཤད་གནང་བ་རེད།
     མ་ཁེ་ལུང་གིས་མིག་སྔའི་ཧྥ་རན་སེའི་རྒྱལ་ནང་གི་རིམས་ནད་དུས་བབ་དང་དེ་བཞིན་ལག་བསྟར་བྱས་པའི་འབྲེལ་ཡོད་བྱ་ཐབས་ངོ་སྤྲོད་གནང་བ་རེད། མ་ཁེ་ལུང་གིས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་བློ་སྟོབས་ཆེན་པོ་དང་འཕྲལ་ཐག་ཆོད་པའི་བྱ་ཐབས་ཐོག་ནས་དུས་ཐུང་ནང་རིམས་ནད་ཚོད་འཛིན་ནུས་ལྡན་དེ་འདྲ་བྱུང་བར་དངོས་འབྲེལ་བསྔགས་བརྗོད་བྱེད་འོས་པ་ཞིག་འདུག ཀྲུང་གོ་ཕྱོགས་ཀྱིས་རྩ་ཆེའི་རྒྱབ་སྐྱོར་དང་རོགས་རམ་བྱས་པར་ཧྥ་རན་སེ་ཕྱོགས་ཀྱིས་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཧྥ་རན་སེ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་འཕྲོད་བསྟེན་མཉམ་ལས་བྱེད་འདོད་ཡོད་ལ་ཕྱོགས་ཁག་གིས་རྒྱལ་ཁབ་ཉི་ཤུ་ཚོགས་པ་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཕྱོགས་མང་གི་སྒྲོམ་གཞིའི་ནང་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་ལག་གདང་སྦྲེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བ་བྱེད་པ་དང་རིམས་ནད་ཀྱིས་འཛམ་གླིང་གི་དཔལ་འབྱོར་ལ་ཕོག་ཐུག་བཏང་བར་ཁ་གཏད་གཅོག་རྒྱུ་ཡིན་ཞེས་གསུངས་པ་རེད།

  
style="display:none;"