མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི“ལོ་རབས་90པའི་
ནང་སྐྱེས་པའི”ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ། 

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་17ཉིན། 12:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་15ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་བྱེད་པའི་སྨན་བཅོས་རུ་ཁག་གི“ལོ་རབས་90པའི་ནང་སྐྱེས་པའི”ཏང་ཡོན་ཡོངས་ལ་འཕྲིན་ལན་སྤྲིངས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ཕྱོགས་ཁག་གི་རྒྱ་ཆེའི་གཞོན་ནུ་ཚོར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད། 
     ཞི་ཅིན་ཕིང་གིས་འཕྲིན་ལན་ནང་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ནང་ཁྱེད་ཚོས་འཐབ་ས་དང་པོར་དཔའ་ངར་ཆེན་པོས་འབད་འཐབ་བྱེད་མཁན་རྒྱ་ཆེའི་རིམས་ནད་སྔོན་འགོག་ཚོད་འཛིན་མི་སྣ་དང་མཉམ་དུ་དཀའ་ངལ་དང་ཉེན་ཁར་མི་སྐྲག་པ་དང་། སྔོན་ལ་གདོང་མཆོང་བྱེད་པ། རང་སྲོག་བློས་གཏོང་བར་མ་འཛེམ་པ་བཅས་ཀྱི་ཐོག་ནས་ལང་ཚོའི་དཔལ་འབར་གྱི་སྟོབས་ཤུགས་བཏོན་ཞིང་ཚད་ལོན་པའི་རྒྱུགས་ལན་སྤྲད་པ་རེད། རྒྱ་ཆེའི་གཞོན་ནུ་རྣམས་ཀྱིས་བྱ་སྤྱོད་ཐོག་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུ་རྣམས་ནི་མིག་དཔེ་བཟང་པོ་ཞིག་དང་འགན་ཆེན་འཁུར་འོས་པ་ཞིག་ཡིན་པ་ར་སྤྲོད་བྱས་ཡོད་ཅེས་གསུངས་ཡོད། 
     ཞི་ཅིན་ཕིང་གིས་གཞོན་ནུའི་མི་རབས་ལ་ཕུགས་བསམ་དང་། འཇོན་ཐང་། འགན་འཁྲི་བཅས་ཡོད་ཚེ་རྒྱལ་ཁབ་ལ་མདུན་ལམ་དང་མི་རིགས་ལ་རེ་བ་ཡོད། ཁྱོད་ཚོ་མི་དམངས་ལ་ཞབས་འདེགས་ཞུ་བའི་ཁྲོད་བདེ་ཐང་ངང་འཚར་ལོངས་ཡོང་བ་དང་། དཀའ་སྤྱད་འབད་བརྩོན་ཁྲོད་བློ་སྟོབས་དང་གཤིས་རྒྱུད་ལ་སྦྱོང་བརྡར་བྱེད་པ། ལག་ལེན་ཁྲོད་ལས་ཀའི་འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྲོག་སྐྱོབ་སྨན་བཅོས་ཀྱི་ལས་གནས་སུ་མུ་མཐུད་འབད་འཐབ་བྱེད་པ་དང་རྒྱ་ཆེའི་གཞོན་ནུ་རྣམས་དཀའ་སྡུག་ལ་མི་སྐྲག་པ་དང་འགན་འཁྲི་ལྕི་པོ་འཁུར་ཕོད་པའི་སྣེ་ཁྲིད་བྱས་ཏེ་ཏང་དང་མི་དམངས་ཀྱི་དགོས་མཁོ་ཆེ་ཤོས་ཀྱི་ས་ཆར་ལང་ཚོ་ལེགས་སྐྱེས་སུ་འབུལ་བའི་རེ་བ་ཡོད་ཅེས་གསུངས་པ་རེད། 
     ད་ཐེངས་ཀྱི་རིམས་ནད་ལ་འགོག་རྒོལ་བྱེད་པའི་འཐབ་རྩོད་ཁྲོད་ལོ་རབས་90པའི་ནང་སྐྱེས་པ་རྣམས་ཀྱིས་འཐུས་ཚབ་བྱས་པའི་གཞོན་ནུའི་མི་རབས་ཀྱིས་དཔའ་ངར་ཆེར་སྐྱེད་ངང་མདུན་སྐྱོད་བྱེད་པ་དང་འགན་འཁྲི་འཁུར་བ། ལེགས་སྐྱེས་འབུལ་བ་བཅས་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་གཞོན་ནུའི་བསམ་པའི་ཉམས་འགྱུར་གང་ལེགས་སུ་མཚོན་ཡོད། ཧུའུ་པེར་རོགས་སྐྱོར་བྱེད་མཁན་སྨན་དོན་མི་སྣ་ཁྲི་4.2ལྷག་ཙམ་གྱི་ཁྲོད་དུ་མི་ཁྲི་1.2ལྷག་ཙམ་ནི་ལོ་རབས་90པའི་ནང་སྐྱེས་པ་ཡིན་པ་དང་། དེའི་ནང་མང་ཆེ་བ་ནི་1995རྗེས་སུ་སྐྱེས་པ་དང་ཐ་ན་2000ལོའི་རྗེས་སུ་སྐྱེས་པའང་ཡོད། ཉེ་ཆར། པེ་ཅིང་སློབ་ཆེན་གྱི་ཧུའུ་པེར་རོགས་སྐྱོར་སྨན་བཅོས་རུ་ཁག་གི་ལོ་རབས་90པའི་ནང་སྐྱེས་པའི་ཏང་ཡོན་34ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་རིམས་ནད་འགོག་བཅོས་ཀྱི་འཐབ་ས་དང་པོར་ཚེ་སྲོག་མྱུར་སྐྱོབ་ཀྱི་གནས་ཚུལ་སྙན་སེང་ཞུས་པ་དང་འབྲེལ་ཏང་ཡོན་གྱི་ནུས་པ་མུ་མཐུད་འདོན་སྤེལ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་བའི་ཆོད་སེམས་མཚོན་པར་བྱས་པ་རེད། 

  
style="display:none;"