མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧན་གོར་ཏོག་གསར་གློ་ཚད་རིམས་ནད་ཐོན་པར་ཧན་གོའི་ཙུང་ཐུང་
ཝུན་ཙའེ་དབྱིན་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཙུང་ཐུང་ཝུན་ཙའེ་དབྱིན་ལ་གློག་འཕྲིན་བཏང་གནང་སྟེ། ཉེ་ཆར་ཧན་གོར་ཏོག་གསར་གློ་ཚད་རིམས་ནད་ཐོན་པར་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱི་ཚབ་ཞུས་ནས་ཧན་གོ་སྲིད་གཞུང་དང་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཀྲུང་ཧན་ནི་ལྟ་རེས་སྐྱོང་རེས་དང་སྐྱིད་སྡུག་མཉམ་མྱོང་གི་མཛའ་གྲོགས་ཟབ་པའི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན། དེ་གོང་ཀྲུང་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཧན་གོ་སྲིད་གཞུང་དང་སྤྱི་ཚོགས་ལས་རིགས་ཁག་གིས་ཐུགས་ཁུར་དང་འཚམས་འདྲི་གཅིག་རྗེས་གཉིས་མཐུད་ངང་གནང་བ་དང་སྦྲགས་རོགས་རམ་ཡང་ཤུགས་ཆེན་གནང་ཡོད། སྐབས་དེར་ཙུང་ཐུང་ཝུན་ཙའེ་དབྱིན་གྱིས་ཀྲུང་གོའི་དཀའ་ངལ་ནི་ཧན་གོའི་དཀའ་ངལ་ཡིན་ཞེས་དམིགས་སུ་བཀར་ནས་ནན་བཤད་ཀྱང་གནང་མྱོང་ཞེས་ནན་བཤད་གནང་བ་རེད། ཁོང་གིས་རིམས་ནད་ལ་རྒྱལ་མཚམས་མེད་པས། འཛམ་གླིང་རྒྱལ་ཁབ་ཁག་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་རེད། མིག་སྔར་ཧན་གོར་རིམས་ནད་ཐོན་པ་དང་དཀའ་ངལ་འཕྲད་པ་མཐོང་སྐབས་ཀྲུང་གོ་སྲིད་གཞུང་དང་ཀྲུང་གོ་མི་དམངས་ཀྱིས་གདུང་སེམས་མཉམ་སྐྱེ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱིས་ནུས་པས་གང་ལྕོགས་ཀྱི་རོགས་སྐྱོར་མུ་མཐུད་བྱ་རྒྱུ་དང་། ཧན་གོ་ཕྱོགས་ཀྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་མ་ཟད། ཧན་གོ་དང་ལག་གདང་སྦྲེལ་ནས་མཉམ་ལས་བྱས་ཏེ་རིམས་ནད་ལས་མགྱོགས་ནས་མྱུར་དུ་རྣམ་པར་རྒྱལ་ཐུབ་པ་བྱེད་འདོད་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་མི་དམངས་དང་འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་ཡང་བྱེད་འདོད་ཡོད། ངས་ཀྲུང་ཧན་དབར་གྱི་འབྲེལ་བ་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཝུན་ཙའེ་དབྱིན་དང་ལྷན་དུ་འབད་བརྩོན་བྱས་ཏེ་ཀྲུང་ཧན་དབར་གྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་སྔར་བས་མཐོ་པོར་སླེབས་རྒྱུར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྟན་གནང་ཡོད།

  
style="display:none;"