མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ཁྲོམ་ར་འཁོར་སྐྱོད་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་ཞབས་ཞུའི་ལས་སྟེགས་དང་ཕྱི་ཕྱོགས་
ཚོང་དོན་དང་ཕྱི་ཕྱོགས་མ་རྩའི་མཐུན་སྦྱོར་ལམ་སྲོལ་ལ་རྟོག་ཞིབ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་15ཉིན། 14:10】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཚོང་དོན་ཟོག་འགྲེམས་ཁྲོམ་ར་རྒྱུན་གཏན་ལྟར་འཁོར་སྐྱོད་དང་འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་རྒྱུར་སྐུལ་འདེད་བཏང་སྟེ་ཤུགས་ཚད་དེ་བས་ཆེ་བའི་ཐོག་ནས་སྒྱུར་བཅོས་སྒོ་དབྱེ་བྱས་ཏེ་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་རྩའི་གཞི་རྩ་བརྟན་པོ་ཡོང་བ་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་13ཉིན་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་ཀྱི་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་རྒྱལ་ཡོངས་ཀྱི་ཁྲོམ་ར་འཁོར་སྐྱོད་དང་འཁོར་རྒྱུག་འཕེལ་རྒྱས་ཀྱི་ཞབས་ཞུའི་ལས་སྟེགས་དང་ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་རྩའི་མཐུན་སྦྱོར་ལམ་སྲོལ་ལ་རྟོག་ཞིབ་གནང་ཞིང་། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དང་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལ་གཞིགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་ཚོང་དོན་ཟོག་འགྲེམས་ཁྲོམ་ར་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་རྒྱུར་སྐུལ་འདེད་བཏང་སྟེ་ཤུགས་ཚད་དེ་བས་ཆེ་བའི་ངང་སྒྱུར་བཅོས་སྒོ་དབྱེ་ཟབ་ཏུ་གཏོང་བ་དང་། འཛད་སྤྱོད་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་འདོན་པ། ཕྱི་ཕྱོགས་ཚོང་དོན་དང་ཕྱི་ཕྱོགས་མ་རྩའི་གཞི་རྩ་བརྟན་པོ་ཡོང་བ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     འབྲེལ་ཡོད་སྡེ་ཚན་གྱི་འགན་ཁུར་བས་མིག་སྔའི་འཛད་སྤྱོད་ཁྲོམ་ར་འཁོར་སྐྱོད་དང་། ཚོང་དོན་ཟོག་འགྲེམས། འཚོ་བའི་ཞབས་ཞུའི་ལས་རིགས་བཅས་ལས་འགོ་བསྐྱར་འཛུགས་དང་ཚོང་གཉེར་སླར་གསོ་སོགས་ཀྱི་གནས་ཚུལ་སྙན་སེང་ཞུས་ཤིང་། ལི་ཁེ་ཆང་གིས་རིམས་ནད་ལས་བྱུང་བའི་དཀའ་ངལ་ཆེན་པོའི་མདུན་དུ་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་འཐབ་བྱས་ཏེ་འཕྲལ་སྡོམ་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་པ་མ་ཟད། ཁྲོམ་རའི་ལམ་སྲོལ་གྱི་ནུས་པའང་བཏོན་ཏེ་ཧུའུ་པེ་དང་ཐ་ན་རྒྱལ་ཡོངས་ཀྱི་ཁྲོམ་རའི་མཁོ་སྤྲོད་དང་ལྷག་པར་དུ་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་དང་འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་ནུས་ལྡན་བྱས་པས་ཚོང་ཟོག་གཙོ་བོའི་རིན་གོང་སྤྱིར་ན་བརྟན་པོ་བྱུང་བ་དེ་ནི་ཧ་ཅང་ལས་སླ་པོ་ཞིག་མིན་པ་དང་མཁོ་སྤྲོད་འགན་ལེན་བྱས་པ་དེས་རིམས་ནད་འགོག་རྒོལ་ལ་འདེགས་སྐྱོར་བརྟན་པོ་བྱུང་ཡོད། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་གོ་སྐབས་དམ་འཛིན་བྱས་ཏེ་རིམས་ནད་བསྐྱར་དུ་ཐོན་རྒྱུ་བཀག་འགོག་ནུས་ལྡན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཚོང་དོན་ཟོག་འགྲེམས་ཁྱབ་ཁོངས་གོ་རིམ་ལྡན་པའི་ངང་ལས་འགོ་བསྐྱར་འཛུགས་དང་ཚོང་གཉེར་སླར་གསོ་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། དྲ་ཐོག་གི་དཔལ་འབྱོར་དང་ལས་སྟེགས་ཀྱི་དཔལ་འབྱོར་སོགས་ཀྱི་ལས་རྣམ་གསར་པའི་ནུས་པ་འདོན་རྒྱུར་དེ་བས་སྣང་ཆེན་བྱེད་པ། དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། ཚོང་ཟོག་འཁོར་རྒྱུག་ཤར་གཏོང་ཐུབ་པ། འཛད་སྤྱོད་ཁྲོམ་ར་འཁྲུག་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། ལི་ཁེ་ཆང་གིས་རྒྱལ་ཁབ་ཀྱིས་ཉེ་དུས་བཏོན་པའི་ཁེ་ལས་ཀྱི་དཀའ་ངལ་སེལ་རྒྱུར་རོགས་རམ་བྱེད་པའི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་ལ་དམིགས་བསལ་གྱིས་ཐུགས་ཁུར་ཆེན་པོ་གནང་ཞིང་། ཁོང་གིས་ཀུན་ཕན་རང་བཞིན་གྱི་སྲིད་ཇུས་འདི་དག་དམིགས་སར་དོན་འཁྱོལ་བྱས་ནས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལས་འགོ་བསྐྱར་འཛུགས་དང་ཚོང་གཉེར་སླར་གསོ་ཐུབ་མིན་ལ་མ་བལྟོས་པར་ཚང་མར་སྲིད་ཇུས་དེ་དག་ལོངས་སྤྱོད་ཐུབ་པ་བྱས་ནས་ཁྲོམ་རའི་བྱེད་པོ་བརྟན་པོ་ཡོང་བ་བྱས་ཏེ་ཁོང་ཚོའི་དཀའ་ངལ་སེལ་ཐུབ་པ་བྱེད་དགོས།
     འབྲེལ་ཡོད་སྡེ་ཚན་ཁག་ཚང་མས་རང་ཁྱབ་ཁོངས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་འཛད་སྤྱོད་ལ་སྐུལ་ཁྲིད་དང་ནང་མཁོ་ནུས་ལྡན་ངང་རྒྱ་ཆེར་གཏོང་བའི་སྲིད་ཇུས་འདོན་དགོས་པའི་ནན་བཤད་གནང་བ་རེད།
     ལི་ཁེ་ཆང་གིས་བརྙན་ལམ་བརྒྱུད་དབྱི་ཝུའུ་ཀྲུང་གོའི་ཚོང་ཟོག་ཆུང་གྲས་གྲོང་གི་འགན་འཁུར་བ་དང་སྦྲེལ་མཐུད་གནང་ནས་རྒྱལ་ཁབ་ཕྱི་ནང་གི་མངགས་ཐོའི་གནས་ཚུལ་མཁྱེན་རྟོགས་གནང་ཞིང་། ཁོང་གིས་ཚོང་ཟོག་ཆུང་གྲས་ལ་ཁྲོམ་ར་ཆེན་པོ་ལྡན་ཡོད་པ་དང་ཁྱེད་ཚོའི་ཁྲོམ་ར་དེ་ཐོན་སྐྱེད་ཁེ་ལས་འབྲིང་གྲས་དང་ཆེས་ཆུང་གྲས་200ལྷག་ཙམ་དང་སྦྲེལ་ཡོད་པས་ཚོང་དུད་གཉེར་སྐྱོང་ལ་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས་ཞེས་གསུངས་པ་རེད། ཁྱེད་ཚོས་རྒྱལ་ནང་གི་ཁྲོམ་རའི་དགོས་མཁོ་སྐོང་བ་དང་རྒྱལ་སྤྱིའི་ཁྲོམ་རའི་བགོ་སྐལ་རྒྱུན་འཁྱོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་རེ་བ་ཡོད། ཁོང་གིས་འབྲེལ་ཡོད་ཕྱོགས་ཁག་ལ་དེ་མཚུངས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་ཞབས་འདེགས་ཞུ་དགོས་པའི་བླང་བྱའང་བཏོན་གནང་ཡོད།
     ལི་ཁེ་ཆང་གིས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་རྩ་བརྟན་པོ་ཡོང་བའི་ལས་དོན་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་མ་རྩའི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། རང་མོས་ཚོང་དོན་ཁུལ་དང་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་གྱི་འཕེལ་རྒྱས་སོགས་ཀྱི་གནས་ཚུལ་སྙན་སེང་གསན་པ་དང་། སྐབས་ཐོག་གི་པར་རིས་བརྒྱུད་ཧྲའན་ཤིས་དང་། ཀོང་ཏུང་། ཀྲེ་ཅང་སོགས་ཀྱི་ཕྱི་ཕྱོགས་མ་རྩའི་རྣམ་གྲངས་ཆེན་པོ་འགའ་ཞིག་གི་ཨར་སྐྲུན་གནས་ཚུལ་མཁྱེན་རྟོགས་གནང་ནས་འབྲེལ་ཡོད་སྡེ་ཚན་ལ་རྣམ་གྲངས་བསྐྲུན་རིང་གི་དཀའ་ངལ་མཐུན་སྦྱོར་ངང་ཐག་གཅོད་བྱེད་རོགས་བྱེད་དགོས་པའི་བཀའ་མངགས་གནང་བ་རེད།
     ལི་ཁེ་ཆང་གིས་རིམས་ནད་ཀྱིས་གོ་ལ་ཧྲིལ་པོའི་དཔལ་འབྱོར་ལ་འགྲན་སློང་ཧ་ཅང་ཆེན་པོ་འཕྲད་པ་དང་རྒྱལ་སྤྱིའི་དངུལ་རྩའི་ཁྲོམ་རར་ཡང་ཡམ་ཡོམ་ཆེན་པོ་བྱུང་ནས་རང་རྒྱལ་འཕེལ་རྒྱས་ཀྱི་ཕྱིའི་ཁོར་ཡུག་དེ་བས་རྙོག་འཛིང་དང་ཛ་དྲག་ཏུ་ཕྱིན་ཡོད། ཇི་ཙམ་དཀའ་ངལ་ཆེ་བ་ཡོད་ན་དེ་ཙམ་གྱིས་ང་ཚོས་སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྱུར་བཅོས་སྒོ་དབྱེ་བྱེད་ཤུགས་ཇི་ཙམ་ཆེ་རུ་བཏང་ན་དེ་ཙམ་གྱིས་ཕྱི་ཕྱོགས་ཚོང་དོན་བརྟན་པོ་དང་ཕྱི་ཕྱོགས་མ་རྩ་བརྟན་པོ་ཡོང་ཐུབ་ཅེས་གསུངས་པ་རེད།

  
style="display:none;"