མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་
འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་14ཉིན། 13:58】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

རིམས་ནད་ཀྱི་དུས་བབ་འགྱུར་ལྡོག་ལ་གཞིགས་ནས་ཁུལ་དབྱེ་རིམ་དབྱེའི་ངང་སྔོན་འགོག་ ཚོད་འཛིན་དང་འགན་སྲུང་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། རིམས་ནད་ཕྱི་ནས་འགོ་བ་དང་ནང་ནས་མཆེད་རྒྱུར་འགོག་ཟོན་གནད་སྨིན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་12ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་12ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་འཚོགས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཕེབས་པ་རེད།
     ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་དུ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་ལེན་ནན་ཏན་བསྟར་ཏེ་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་ཝུའུ་ཧན་དང་ཧུའུ་པེའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་ལྷག་དོན་དུ་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས་པ་དང་། རིམས་ནད་མངའ་ཁོངས་ཕྱི་ནས་འགོ་བ་དང་ནང་ནས་མཆེད་རྒྱུར་འགོག་ཟོན་གནད་སྨིན་བྱེད་དགོས་པ། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། བྱ་ཐབས་ནུས་ལྡན་སྤྱད་དེ་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་མྱུར་པོ་གཏོང་དགོས་ཞེས་བསྟན་པ་རེད།
     ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཝུའུ་ཧན་དང་ཧུའུ་པེས་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལ་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་པའི་རྨང་གཞིའི་ཐོག་སྨན་བཅོས་སྐྱོབ་བཅོས་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ཉེན་ཚབས་ཆེ་བའི་ནད་པ་སྐྱོབ་བཅོས་ལ་ཤུགས་སྣོན་དང་སྡེ་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་སྟེ་ངལ་གསོ་རྒྱག་ཁོམ་མ་བྱུང་བའི་སྨན་དོན་མི་སྣ་ཚང་མར་རེས་མོས་ངལ་གསོ་གང་མགྱོགས་རག་པར་བྱེད་པ་དང་། མང་ཚོགས་ཀྱི་གཞི་རྩའི་འཚོ་བའི་འགན་སྲུང་དང་། ནད་གཞི་གཞན་རྒྱུན་གཏན་བཞིན་སྨན་བཅོས་ཐུབ་པ། ཧུའུ་པེར་ལུས་པའི་ས་ཆ་གཞན་དག་གི་མི་སྣ་བདེ་འཇགས་དང་གོ་རིམ་ལྡན་པའི་ངང་ཕ་ཡུལ་དུ་སློག་པ་སོགས་ཀྱི་ལས་དོན་ཞིབ་ཚགས་ངང་ཡག་པོ་སྒྲུབ་དགོས། དེ་དང་ཆབས་ཅིག འབྲེལ་ཡོད་སྡེ་ཚན་དང་ས་གནས་ཀྱིས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་མངའ་ཁོངས་ཕྱིར་རིམས་ནད་ཁྱབ་མཆེད་མྱུར་པོ་འགྲོ་བའི་དུས་བབ་ལ་རྗེས་སྙེག་དབྱེ་ཞིབ་དམ་ཚགས་བྱེད་དགོས་ཤིང་། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་ལ་བྱས་པའི་དཔྱད་དཔོག་གསར་ཤོས་དང་ཟུང་འབྲེལ་བྱས་ཏེ་རྒྱལ་སྤྱིའི་བྱེད་སྟངས་དཔྱད་གཞིར་བཟུང་བ་དང་དམིགས་སའི་རང་བཞིན་ལྡན་པའི་བྱ་ཐབས་སྔར་བས་སྤྱད་དེ་རིམས་ནད་ཕྱི་ནས་འགོ་བ་དང་ནང་ནས་མཆེད་རྒྱུར་འགོག་ཟོན་བྱེད་ཤུགས་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་སྔར་བས་སྐུལ་འདེད་བཏང་ནས་གྲངས་གཞི་མཉམ་སྤྱོད་དང་། རྒྱང་ནས་སྔོན་འགོག་ཚོད་འཛིན། འགག་སྒོ་ནས་རིམས་ནད་ཞིབ་བཤེར། འཕྲལ་སྡོམ་ཐག་གཅོད་སོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་དགོས། འབྲེལ་ཡོད་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ནུས་པས་ལྕོགས་ཚོད་ཀྱིས་རོགས་རམ་བྱེད་དགོས། རྒྱལ་ནང་གི་ཐོན་སྐྱེད་ནུས་ཤུགས་ཡོད་པའི་ཁེ་ལས་ཀྱིས་རིམས་འགོག་དངོས་ཟོག་ཐོན་སྐྱེད་བྱེད་ཚད་མང་དུ་ཧུར་ཐག་བཏང་ནས་རྒྱལ་ནང་གི་དགོས་མཁོ་འགན་ལེན་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག ཁྲོམ་ར་ཅན་གྱི་རྩ་དོན་གཞིར་བཟུང་ཕྱི་རྒྱལ་ཚོང་ལས་ཀྱི་ཉོ་སྒྲུབ་དགོས་མཁོར་བསྟུན་དགོས་པ་དང་། རྒྱལ་སྤྱིའི་མཉམ་ལས་ཀྱི་ནང་དོན་གལ་ཆེན་ཞིག་གི་ངོས་ནས་འབྲེལ་ཡོད་ཕྱོགས་ཀྱིས་དགོས་ངེས་ཀྱི་རྒྱབ་སྐྱོར་བྱས་ཏེ་འབྲེལ་མཐུད་ཡག་པོ་ཡོང་བ་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་རིང་། དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་ཐ་སྐྱོང་འགན་སྲུང་གི་བྱ་ཐབས་ཁག་དོན་འཁྱོལ་ཡག་པོ་བྱས་ཏེ། ཁྱིམ་དུ་ལོགས་སུ་བཞག་པའི་དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣ་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་གྱི་ཚོགས་སྤྱིར་འཚམས་འདྲི་དང་ལྟ་ཞིབ་མང་ཙམ་བྱས་ཏེ་འཚོ་བའི་དཀའ་ངལ་དངོས་དུས་ཐོག་ཏུ་སེལ་རོགས་བྱེད་དགོས། རིམས་ནད་ཀྱིས་རྐྱེན་པས་ལྟ་སྐྱོང་བྱེད་མཁན་མེད་པའི་བྱིས་པར་ཕྱོགས་ཡོངས་ནས་གྲལ་བཤེར་སོགས་བྱེད་པ་བརྒྱུད། དུས་ཐོག་ཏུ་ཤེས་རྟོགས་དང་སྙན་སེང་ཞུས་ཏེ་གཞན་ལ་མངགས་བཅོལ་བྱེད་པའམ་ཡང་ན་ཆེད་མི་བཀོད་སྒྲིག་བྱས་ཏེ་ལྟ་སྐྱོང་བྱེད་དགོས། ནད་གཞི་གཞན་དག་ཕོག་པའི་ནད་པ་དུས་ཐོག་ཏུ་སྨན་བཅོས་བྱེད་པར་སྐྱེལ་དགོས། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ལས་དོན་སྒྲུབ་ཤུགས་ཆེ་རུ་བཏང་ནས་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་དྭ་ཕྲུག་དང་མི་ཧྲེང་རྒན་རྒོན་བཀོད་སྒྲིག་འོས་འཚམ་དང་ལྟ་རྟོག་བྱེད་དགོས། སེམས་ཁམས་རོགས་སྐྱོར་གྱི་ཆེད་དམིགས་རྣམ་གྲངས་བཙུགས་ཏེ་ཧུའུ་པེ་ཞིང་ཆེན་དང་ལྷག་དོན་དུ་ཝུའུ་ཧན་གྲོང་ཁྱེར་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས། ནད་པ་དང་དེའི་ནང་མི་དང་དེ་བཞིན་འདས་པོའི་ནང་མི་སོགས་ལ་སེམས་གསོ་གཏོང་བ་སོགས་ཀྱི་ཞབས་འདེགས་ཞུ་དགོས། དེ་དང་ཆབས་ཅིག ལས་དོན་འཚམ་པོ་དང་ཡག་པོ་བསྒྲུབས་ཏེ་རིམས་ནད་ལས་ཐོན་པའི་མངོན་གསལ་དོད་པའི་དམངས་འཚོའི་གནད་དོན་དང་འགལ་ཟླ་སྣ་ཚོགས་སེལ་དགོས།
     ཚོགས་འདུའི་ཐོག རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་མཉམ་དུ་ཚོད་འཛིན་ལམ་སྲོལ་གྱིས་རྒྱལ་ནང་གི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་ཕྱོགས་སུ་འགྲོ་བའི་རྣམ་པ་གཞིར་བཟུང་། ཁེ་ལས་དང་བྱ་གཞག་ཚན་པའི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་ཕྱོགས་སྟོན་ལེགས་སྒྲིག་དང་འཐུས་སྒོ་ཚང་དུ་གང་མགྱོགས་བཏང་སྟེ། རིམས་ནད་བསྐྱར་ལོག་སྔོན་འགོག་ནུས་ལྡན་བྱས་པའི་རྨང་གཞིའི་ཐོག་ས་གནས་ཁག་དང་ལྷག་དོན་དུ་ཉེན་ཁ་ཆུང་བའི་ས་ཁུལ་ཁག་ལ་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་ཕྱོགས་ཡོངས་ནས་སླར་གསོ་བྱ་རྒྱུའི་མཛུབ་ཁྲིད་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"