མི་དམངས་དྲ་བ།

༄༅༎《བདེན་འཚོལ》དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན་བཀོད་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་17ཉིན། 09:48】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་15ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་16ཉིན་དཔེ་སྐྲུན་བྱས་པའི《བདེན་འཚོལ》དུས་དེབ་འདོན་ཐེངས་6པའི་ཐོག་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གི་གསུང་རྩོམ་གལ་ཆེན《རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཆེད་སྟོབས་དང་ལྡན་པའི་ཚན་རྩལ་འདེགས་སྐྱོར་མཁོ་འདོན་བྱེད་དགོས》ཞེས་པ་བཀོད་ཡོད་པ་རེད།
     གསུང་རྩོམ་ནང་ནན་བཤད་གནང་དོན། མིའི་རིགས་ཀྱིས་ནད་གཞིར་ཁ་གཏད་གཅོག་པའི་མཚོན་ཆ་ནུས་ལྡན་ནི། ཚན་རིག་ལག་རྩལ་ཡིན་པ་དང་། མིའི་རིགས་ཀྱིས་གནོད་འཚེ་ཚབས་ཆེན་དང་རིམས་ནད་ཚབས་ཆེན་ལས་རྣམ་པར་རྒྱལ་དགོས་ན། ཚན་རིག་འཕེལ་རྒྱས་དང་ལག་རྩལ་གསར་གཏོད་བྱ་རྒྱུ་དང་ཁ་འབྲལ་ཐབས་མེད། ཚན་རྩལ་འཐབ་ཕྱོགས་ཀྱི་གལ་ཆེ་ལ་ཁ་ཚ་དགོས་གཏུགས་ཀྱི་ལས་འགན་ཡིན་པའི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་ཐད། རིག་ཚན་མང་པོའི་སྟོབས་ཤུགས་ཕྱོགས་བསྡུས་དང་། གཅིག་གྱུར་གྱི་འགོ་ཁྲིད་དང་མཐུན་སྦྱོར་ལ་སྐུལ་འདེད་གཏོང་བ། ཚན་རིག་རང་བཞིན་མཐའ་འཁྱོངས་དང་བདེ་འཇགས་རང་བཞིན་འགན་ལེན་བྱེད་པའི་རྨང་གཞིའི་ཐོག་ཞིབ་འཇུག་གསར་སྤེལ་གྱི་མྱུར་ཚད་མགྱོགས་སུ་གཏོང་བ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དང་དཀའ་གནད་ཀྱི་གནད་དོན་ལས་མགྱོགས་མྱུར་སྒྲོལ་བ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཁྲུག་དང་། སྤྱི་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་ཆེད། སྟོབས་དང་ལྡན་པའི་ཚན་རྩལ་གྱི་འདེགས་སྐྱོར་མཁོ་འདོན་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། སྨན་རྫས་དང་སྨན་བཅོས་སྒྲིག་ཆས་ཞིབ་འཇུག་གསར་སྤེལ་དང་ནད་ཐོག་སྐྱོབ་བཅོས་ཟུང་འབྲེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ནད་པ་དྲག་སྐྱེད་ཐུབ་ཚད་མང་དུ་གཏོང་བ་དང་ནད་པ་ཤི་ཚད་ཉུང་དུ་གཏོང་དགོས། ནུས་ཤུགས་ཡོད་རྒུས་ནད་པ་དེ་བས་མང་པོའི་སྲོག་སྐྱོབ་རྒྱུ་དེ་མིག་སྔའི་ཁ་ཚ་དགོས་གཏུགས་ཀྱི་ལས་དོན་དང་གལ་ཆེའི་ནང་གི་འགངས་ཆེར་བརྩི་དགོས། ཚན་ཞིབ་འགག་སྒྲོལ་ཐད། ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་བྱ་རྒྱུ་དོན་ཆེན་ལ་བརྩི་བ་དང་། ཚན་ཞིབ་འགག་སྒྲོལ་གྱི་འདེགས་སྐྱོར་དང་འཐབ་ཕྱོགས་དང་པོའི་སྐྱོབ་བཅོས་ལ་ཞབས་འདེགས་ཞུ་བའི་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ། ནད་ཐོག་ཞིབ་འཇུག་དང་ནད་ཐོག་སྐྱོབ་བཅོས་མཐུན་སྦྱོར་མཐའ་འཁྱོངས་བཅས་བྱས་ཏེ། ཚན་ཞིབ་གྲུབ་འབྲས་ནད་ཐོག་གི་འཐབ་ས་དང་པོར་མང་ཙམ་ཕྱོགས་དགོས། སྨན་རྫས་ཞིབ་འཇུག་གསར་སྤེལ་བྱེད་མགྱོགས་སུ་གཏོང་བ་དང་། ཀྲུང་ལུགས་དང་ཕྱི་ལུགས་ཟུང་འབྲེལ་དང་ཀྲུང་ལུགས་དང་ཕྱི་ལུགས་སྨན་རྫས་མཉམ་སྤྱོད་བྱ་རྒྱུ་མཐའ་འཁྱོངས། ཞིབ་འཇུག་གསར་སྤེལ་དང་བདམས་ཟིན་པའི་སྨན་སྤྱོད་རྒྱུ་མགྱོགས་མྱུར་ཁྱབ་གདལ་གཏོང་བ་བཅས་བྱེད་དགོས་པ་དང་ཆབས་ཅིག་འཐབ་ས་དང་པོའི་སྐྱོབ་བཅོས་ལ་མཁོ་བའི་ཐད་སླར་ཡང་ནད་གཞིར་ཕན་པའི་སྨན་ཁག་གཅིག་བཟོ་བ་དང་སྨན་བཅོས་ཀྱི་བྱེད་ཐབས་གསར་པ་འཚོལ་ཞིབ་བྱས་ཏེ། ནད་གཞི་ཡང་བའི་ནད་པ་ནད་གཞི་ལྕི་རུ་མི་འགྲོ་བ་བྱས་ནས། ནད་གཞི་དྲག་སྐྱེད་ཐུབ་ཚད་མང་དུ་གཏོང་དགོས། དྲག་སྐྱེད་དུས་སྐབས་ཀྱི་ཁྲག་ཁུ་དང་། ཕྲ་ཕུང་ཨ་མ། རྒྱུད་བཤུས་རྐྱང་པ་འགོག་གཟུགས་སོགས་སྔོན་ཐོན་སྨན་བཅོས་བྱེད་སྟངས་སྤྱད་དེ། ནད་གཞི་ལྕི་བ་དང་སྲོག་ཉེན་འཕྲད་པའི་ནད་པ་སྐྱོབ་བཅོས་ཀྱི་ཆུ་ཚད་གོང་མཐོར་བཏང་ནས་གང་ཐུབ་ཅི་ཐུབ་ཀྱིས་ནད་པ་ཤི་ཚད་ཉུང་དུ་གཏོང་དགོས། གསུང་རྩོམ་ནང་བསྟན་དོན། རིམས་འགོག་སྨན་གྱི་ཞིབ་འཇུག་གསར་སྤེལ་དང་ཐོན་ལས་ཅན་གྱི་འཁོར་འབྲེལ་འབྲེལ་མཐུད་ནུས་ལྡན་ཐུབ་རྒྱུར་སྐུལ་འདེད་བཏང་ནས། ཐོན་ཉེན་ཆེ་བའི་རྒྱུན་རྣམ་ཅན་གྱི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཆེད་གྲ་སྒྲིག་ཆ་ཚང་པོ་བྱེད་དགོས། བདེ་ཐང་མི་སྣར་སྤྱོད་པའི་དམིགས་བསལ་ཐོན་རྫས་ཤིག་ཡིན་པའི་རིམས་འགོག་སྨན་འདི་ཉིད། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ངོས་ནས་བརྗོད་ན། གལ་འགངས་ཧ་ཅང་ཆེ་བ་ཞིག་ཡིན་པས། བདེ་འཇགས་རང་བཞིན་གྱི་བླང་བྱ་ཨང་དང་པོར་འཇོག་དགོས། ད་ཡོད་ཀྱི་ལག་རྩལ་སྣ་མང་ཅན་གྱི་རིམས་འགོག་སྨན་ཞིབ་འཇུག་གསར་སྤེལ་བྱ་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་དང་ཆབས་ཅིག ཕྱི་རྒྱལ་གྱི་ཞིབ་འཇུག་གསར་སྤེལ་འཕེལ་རིམ་ལ་རྗེས་བསྙེགས་དམ་ཟབ་བྱེད་པ་དང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རིམས་འགོག་སྨན་གྱི་ནད་ཐོག་ཚོད་ལྟ་དང་ཁྲོམ་རར་བཏོན་ནས་བེད་སྤྱོད་ལ་སྔ་ཙམ་སྐུལ་འདེད་གཏོང་རྒྱུར་བརྩོན་ལེན་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། ནད་དུག་གི་འབྱུང་ཁུངས་དང་དེའི་འགོ་ལམ་ཞིབ་འཇུག་སྤྱི་འདོམས་བྱས་ཏེ། ནད་དུག་གང་ནས་བྱུང་བ་དང་གང་དུ་མཆེད་མིན་གསལ་པོ་ཤེས་པ་བྱེད་དགོས། ནད་དུག་གི་སྤྲི་དཀར་དང་གཞི་རྟེན་མི་འདྲ་བའི་དབར་གྱི་ཟུང་འབྲེལ་ཁྱད་ཆོས་སྤྱད་དེ་དོགས་ཡོད་སྲོག་ཆགས་བར་གྱི་ནད་རྐྱེན་ཡིན་ཤས་ཆེ་བར་ཚོད་སྐོར་བྱེད་པ་དང་། མི་ཐབས་རིག་ནུས་དང་གྲངས་གཞི་ཆེ་མོ་སོགས་ལག་རྩལ་གསར་པ་སྤྱད་དེ་ནད་ཡམས་རིག་པ་དང་རིམས་ནད་འབྱུང་ཁུངས་ལ་བརྟག་དཔྱད་བྱས་ཏེ། ནད་གཞི་ངོས་འཛིན་ཐུབ་ཚད་དང་དབྱེ་འབྱེད་ཐུབ་ཚད་མཐོ་རུ་གཏོང་དགོས།
     གསུང་རྩོམ་ནང་བསྟན་དོན། ནད་པ་དྲག་སྐྱེད་དང་ལོགས་སུ་བཞག་པའི་མང་ཚོགས་ཀྱི་སེམས་ཁམས་སློབ་གསོའི་ལས་དོན་ཡག་པོ་སྒྲུབ་དགོས། ནད་པའི་སེམས་ཁམས་སླར་གསོ་ཐུབ་པར། བརྒྱུད་རིམ་ངེས་ཅན་ཞིག་དགོས་པ་དང་། ཁྱིམ་དུ་ལོགས་སུ་བཞག་པའི་མང་ཚོགས་མང་པོ་ཞིག་ཡུན་རིང་ཁྱིམ་དུ་བསྡད་པར་བརྟེན་སེམས་ཁམས་ཀྱི་གནད་དོན་མི་འདྲ་བ་ཐོན་གྱི་ཡོད། ནད་པ་གྲོངས་པའི་ནང་མིར་ཡང་སེམས་གསོ་གཏོང་དགོས། ཁོང་ཚོའི་སེམས་ཁམས་བདེ་ཐང་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་ཆབས་ཅིག་ཕྱོགས་ཁག་གི་སྟོབས་ཤུགས་སྐུལ་སློང་བྱས་ནས་སེམས་གསོའི་ལས་དོན་ལ་ཤུགས་སྣོན་རྒྱག་དགོས།
     གསུང་རྩོམ་ནང་བསྟན་དོན། རྒྱུན་གཏན་དང་དམག་འཐབ་ཀྱི་དུས་སྐབས་ཟུང་འབྲེལ་བྱེད་པའི་རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཚན་ཞིབ་འགག་སྒྲོལ་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། འགོ་ནད་ཚབས་ཆེན་དང་སྐྱེ་དངོས་བདེ་འཇགས་ཀྱི་ཉེན་ཁ་ནི་རྒྱལ་ཁབ་ཀྱི་བདེ་འཇགས་དང་འཕེལ་རྒྱས། དེ་བཞིན་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་ཉེན་ཁའི་འགྲན་སློང་ཆེན་པོ་ཞིག་རེད། སྐྱེ་དངོས་བདེ་འཇགས་ནི་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་བདེ་འཇགས་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། རྒྱུན་གཏན་དང་དམག་འཐབ་ཀྱི་དུས་སྐབས་ཟུང་འབྲེལ་བྱེད་པ་དང་། སྔོན་འགོག་དང་འཕྲལ་སྡོམ་ཟུང་འབྲེལ། ཚན་ཞིབ་དང་སྐྱོབ་བཅོས་སྔོན་འགོག་ཚོད་འཛིན་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་སྤྱི་པའི་འཕྲོད་བསྟེན་ཚན་ཞིབ་འགག་སྒྲོལ་མ་ལག་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། ཕྱོགས་ཁག་གི་ཚན་ཞིབ་སྟོབས་ཤུགས་སྤྱི་འདོམས་བྱས་ནས། མ་ལག་ཅན་གྱི་འགོག་རྒོལ་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་དགོས།
     གསུང་རྩོམ་ནང་བསྟན་དོན། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྤེལ་རྒྱུ་མཐའ་འཁྱོངས་བྱེད་དགོས། སྡོད་མལ་ཁོར་ཡུག་ལེགས་བཅོས་དང་། བཟའ་བཏུང་གི་གོམས་གཤིས། སྤྱི་ཚོགས་ཀྱི་སེམས་ཁམས་བདེ་ཐང་། སྤྱི་པའི་འཕྲོད་བསྟེན་སྒྲིག་ཆས་སོགས་ཕྱོགས་མང་པོའི་ཐད་ནས་ལས་དོན་སྤེལ་དགོས་པ་དང་། ལྷག་པར་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་ཟ་བའི་གོམས་གཤིས་ངན་པ་མཐའ་གཅིག་ཏུ་གཏན་འགོག་བྱས་ཏེ། ཤེས་དཔལ་བདེ་ཐང་དང་ལྗང་མདོག་ཁོར་སྲུང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་བྱེད་དགོས།
     གསུང་རྩོམ་ནང་བསྟན་དོན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཚན་ཞིབ་འགག་སྒྲོལ་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ནི་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ཞིག་ཡིན་པས། རྒྱལ་ཁབ་ཁག་གིས་མཉམ་དུ་ལག་གདང་སྦྲེལ་ནས་ཁ་གཏད་གཅོག་དགོས།

  
style="display:none;"