མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་སྐོར་ལ་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་
ཀྲུའུ་ཞི་སྨི་ཤེའར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་
ལའེ་ཨེན་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་13ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཡོ་རོབ་ལས་འཛིན་ལྷན་ཚོགས་ཀྱི་ཀྲུའུ་ཞི་སྨི་ཤེའར་དང་ཡོ་རོབ་མནའ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཧྥེང་ཏེ་ལའེ་ཨེན་ལ་གློག་འཕྲིན་བཏང་སྟེ་ཉེ་དུས་ཡོ་རོབ་ཏུ་ཏོག་གསར་གློ་ཚད་རིམས་ནད་ཐོན་པའི་སྐོར་ལ་ཡོ་རོབ་མནའ་འབྲེལ་དང་ཁོངས་མིའི་རྒྱལ་ཁབ་ཁག་གི་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། མི་རིང་བའི་གོང་ཡོ་རོབ་མནའ་འབྲེལ་དང་ཁོངས་མིའི་རྒྱལ་ཁབ་ཁག་གིས་བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་ཀྲུང་གོའི་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འཚམས་འདྲི་དང་རྒྱབ་སྐྱོར་གནང་བྱུང་། མཐུན་སྒྲིལ་ནི་སྟོབས་ཤུགས་ཡིན། མིག་སྔའི་དུས་བབ་འོག་ཡོ་རོབ་ཕྱོགས་ཀྱིས་རིམས་ནད་འགོག་རྒོལ་ལ་འབད་འཐབ་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ལ་རོགས་རམ་ཧུར་ཐག་བྱས་ནས་ཡོ་རོབ་ཕྱོགས་སྔ་ཙམ་རིམས་ནད་ལས་རྣམ་པར་རྒྱལ་ཐུབ་པར་གཞོགས་འདེགས་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་བཅངས་ནས། ཡོ་རོབ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་རྒྱལ་སྤྱི་རིམ་པའི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་དང་། གོ་ལ་ཧྲིལ་པོ་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་ལ་མཉམ་དུ་སྲུང་སྐྱོང་། ཕྱོགས་གཉིས་ཀྱི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། ཞི་ཅིན་ཕིང་གིས་ངས་ཀྲུང་ཡོའི་འབྲེལ་བའི་འཕེལ་རྒྱས་ལ་མཐོང་ཆེན་པོ་བྱེད་ཀྱི་ཡོད། ཡོ་རོབ་ཕྱོགས་དང་མཉམ་དུ་འབད་འཐབ་བྱས་ནས་ཀྲུང་ཡོའི་རོགས་ཟླའི་འབྲེལ་བ་ཆེན་པོ་བཞི་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་ཟབ་ཏུ་བཏང་སྟེ། འཛམ་གླིང་ཞི་བདེ་དང་། བརྟན་ལྷིང་། དར་རྒྱས་བཅས་ལ་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་འདོད་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"