མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་དབྱི་རན་ལ་ཏོག་གསར་གློ་ཚད་རིམས་ནད་ཐོན་པར་དབྱི་རན་གྱི་ཙུང་ཐུང་
ལུའུ་ཧ་ཉི་ལ་འཚམས་འདྲིའི་གློག་འཕྲིན་བཏང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་16ཉིན། 10:56】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རན་གྱི་ཙུང་ཐུང་ལུའུ་ཧ་ཉི་ལ་གློག་འཕྲིན་བཏང་གནང་སྟེ། ཉེ་ཆར་དབྱི་རན་ལ་ཏོག་གསར་གློ་ཚད་རིམས་ནད་ཐོན་པར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ནས་དབྱི་རན་སྲིད་གཞུང་དང་མི་དམངས་ལ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ་རེད།
     ཞི་ཅིན་ཕིང་གིས་འཚམས་འདྲིའི་གློག་འཕྲིན་ནང་། ཀྲུང་དབྱི་ནི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླ་ཡིན་པ་དང་རྒྱལ་ཁབ་གཉིས་པོའི་མི་དམངས་དབར་སྲོལ་རྒྱུན་གྱི་མཛའ་གྲོགས་འབྲེལ་བ་ལྡན་ཡོད། དབྱི་རན་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པར་ཟོལ་མེད་མཛའ་གྲོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་གནང་ཡོད། དབྱི་རན་གྱིས་རིམས་ནད་ལ་འགོག་རྒོལ་བྱེད་པར་རོགས་རམ་བྱེད་ཆེད། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་ལ་རིམས་འགོག་དངོས་རྫས་ཁག་དང་པོ་མཁོ་འདོན་བྱས་པ་དང་འབྲེལ་འཕྲོད་བསྟེན་རིགས་གཅིག་མཁས་ཅན་གྱི་དང་བླངས་ཚོགས་པའང་མངགས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དབྱི་རན་ཕྱོགས་དང་རིམས་ནད་སྔོན་འགོག་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད་ལ་དབྱི་རན་ཕྱོགས་ལ་ནུས་པས་གང་ལྕོགས་ཀྱི་རོགས་རམ་ཡང་མུ་མཐུད་བྱེད་འདོད་ཡོད། དབྱི་རན་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་ནན་བཤད་གནང་བ་རེད།

  
style="display:none;"