མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 03ཚེས་13ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུའུ་ཐེ་ལེ་སི་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་སྐུ་ཞབས་དྲུང་ཆེ་ཡིས་ངར་འཕྲིན་ཡིག་སྤྲིངས་ནས་འཚམས་འདྲི་གནང་བ་དང་། ཀྲུང་གོ་ཕྱོགས་ཀྱིས་སྤྱད་པའི་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། ཡོངས་གྲགས་ངང་གསུང་བཤད་ཐེངས་མང་གནང་ནས་ཀྲུང་གོའི་རིམས་འགོག་འབད་བརྩོན་ལ་རྒྱབ་སྐྱོར་ཡང་གནང་བ་རེད། ཀྲུང་གོ་བས“དཀའ་ངལ་འཕྲད་སྐབས་བརྩེ་སེམས་ངོ་མ་མཐོང”ཞེས་བརྗོད་པས་ངས་ཁྱེད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་ཀྲུང་གོའི་རྒྱལ་ནང་དུ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་བྱུང་བའི་རྣམ་པ་ཐོན་ཡོད། གོམ་སྟབས་རྗེས་མར་ང་ཚོས་ཐོག་མཐའ་བར་གསུམ་དུ་གཟབ་ནན་ངང་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་བརྒྱབ་ནས་མུ་མཐུད་དམ་འཛིན་དང་། དམ་འཛིན་དངོས། དམ་འཛིན་ཞིབ་ཕྲ་བཅས་བྱ་རྒྱུ་དང་ཆབས་ཅིག་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་སྐུལ་འདེད་གཏོང་རྒྱུར་དམ་འཛིན་ནན་པོ་བྱ་རྒྱུ་ཡིན། ཀྲུང་གོ་མི་དམངས་ཀྱིས་རིམས་ནད་འདི་ལས་རྣམ་པར་རྒྱལ་ཐུབ་ངེས་ཡིན་ལ། སྔོན་བཀོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་ཐུབ་ངེས་ཡིན། ངས་དེར་ཡིད་ཆེས་ཀྱིས་ཁེངས་བཞིན་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་མི་དམངས་ཀྱི་དཀའ་སྤྱད་འབད་བརྩོན་ལས་འཛམ་གླིང་རྒྱལ་ཁབ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་པར་རྩ་ཆེའི་དུས་ཚོད་བརྩོན་ལེན་དང་ལེགས་སྐྱེས་གལ་ཆེན་ཕུལ་ཡོད། དེའི་རིང་རྒྱལ་ཁབ་མང་པོ་དང་གནས་མང་པོར་རིམས་ནད་ཐོན་པ་དང་དུས་བབ་མི་རྣམས་སེམས་ཁྲལ་བྱེད་དགོས་པ་ཞིག་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གང་མགྱོགས་བྱ་སྤྱོད་སྤེལ་ཏེ་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ནུས་ལྡན་ངང་སྤེལ་ནས་རིམས་ནད་ལས་རྣམ་པར་རྒྱལ་བའི་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས། ཀྲུང་གོ་ཕྱོགས་ཀྱིས་འབྲེལ་ཡོད་རྒྱལ་ཁབ་དང་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ནས་སྨན་རྫས་དང་རིམས་འགོག་སྨན་ཁབ་མཉམ་འབྲེལ་ཐོག་ཞིབ་འཇུག་གསར་སྤེལ་བྱེད་པ་དང་འབྲེལ་རིམས་ནད་མཆེད་པའི་རྒྱལ་ཁབ་ཁག་གཅིག་ལ་ནུས་པས་ལྕོགས་ཚོད་ཀྱི་རོགས་སྐྱོར་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་དང་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་སྐུལ་སློང་བྱས་ཏེ་སྲིད་ཇུས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཐོན་ཁུངས་ཀྱི་གཏོང་ཆ་མང་དུ་གཏོང་བ། ལྷག་པར་དུ་སྤྱི་པའི་འཕྲོད་བསྟེན་མ་ལག་ཞན་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་དོགས་ཟོན་དང་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་པར་རོགས་རམ་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ལ་ཨ་སྒོར་ཁྲི་2000ཞལ་འདེབས་བརྒྱབ་རྒྱུའི་ཁྱབ་བསྒྲགས་བྱས་ནས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་རིམས་ནད་འགོག་རྒོལ་བྱེད་པའི་རྒྱལ་སྤྱིའི་བྱ་སྤྱོད་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་གསར་གློ་ཚད་རིམས་ནད་ཐོན་པ་དེས་སླར་ཡང་མིའི་རིགས་ནི་བདེ་སྡུག་མཉམ་མྱོང་གི་ལས་དབང་གཅིག་མཐུན་འདུས་གྲུབ་ཅིག་ཡིན་པ་མཚོན་ཡོད། དཔལ་འབྱོར་གོ་ལ་་ཧྲིལ་པོ་ཅན་གྱི་དུས་རབས་སུ། ཐོལ་བྱུང་དོན་རྐྱེན་ཚབས་ཆེན་འདི་ལྟ་བུ་ཐོན་པ་ནི་ཆེས་མཐའ་མ་ཞིག་ཡིན་མི་སྲིད་པ་དང་། སྲོལ་རྒྱུན་གྱི་བདེ་འཇགས་དང་སྲོལ་རྒྱུན་མིན་པའི་བདེ་འཇགས་ཀྱི་གནད་དོན་སྣ་ཚོགས་ལ་ད་དུང་ཉམས་ཚོད་གསར་པ་རྒྱུན་མི་ཆད་པ་ཡོང་ངེས་རེད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ངེས་པར་དུ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་འདུ་ཤེས་འཛུགས་པ་དང་ལྟ་རེས་སྐྱོང་རེས་བྱས་ཏེ་ལག་གདང་སྦྲེལ་ནས་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་གཅོག་པ་དང་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་མཉམ་དུ་སྐྲུན་དགོས། ད་ལོ་ནི་མཉམ་འབྲེལ་རྒྱལ་ཚོགས་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཡིན་པས་ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དེ་གོ་སྐབས་སུ་བརྩིས་ནས་ཕྱོགས་མང་རིང་ལུགས་ཀྱི་ཁས་ལེན་བསྐྱར་བསྒྲགས་བྱས་ཏེ་མཉམ་འབྲེལ་རྒྱལ་ཚོགས་ལྟེ་བར་བྱེད་པའི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་ལ་ཤུགས་སྣོན་རྒྱག་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བྱ་བར་མུ་མཐུད་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ཀུའུ་ཐེ་ལེ་སིས་ཀྲུང་གོར་ཏོག་གསར་གློ་ཚད་ཀྱི་ནད་དཔེ་ཧ་ཅང་ཉུང་དུ་ཕྱིན་པར་དགའ་ཚོར་བྱུང་ལ་རྟེན་འབྲེལ་ཡང་ཞུ་རྒྱུ་ཡིན། ཆོད་སེམས་བརྟན་པོ་དང་མཉེན་ཆ་ཆེན་པོར་བརྟེན་ནས་ཀྲུང་གོས་མགྱོགས་མྱུར་ངང་རིམས་ནད་ལས་རྣམ་པར་རྒྱལ་བ་མ་ཟད། ད་དུང་དཔལ་འབྱོར་གྱི་སྒྲིག་ལམ་མགྱོགས་མྱུར་སླར་གསོ་ཐུབ་རྒྱུའི་ཡིད་ཆེས་བྱེད་ཀྱི་ཡོད། དེས་ཀྲུང་གོ་མི་དམངས་ཀྱི་ཁེ་ཕན་ལ་ཕན་པ་ཡོད་པ་མ་ཟད། འཛམ་གླིང་ལ་ལེགས་སྐྱེས་གལ་ཆེན་འབུལ་ཐུབ་ངེས་རེད། མིག་སྔར་དཀའ་ངལ་ཐུག་པའི་རྒྱལ་ཁབ་ཀྱི་རིམས་ནད་འགོག་བཅོས་ཐད་ཀྲུང་གོ་ཕྱོགས་ཀྱིས་རོགས་སྐྱོར་བྱས་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ཀྲུང་གོས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཉམས་མྱོང་མཉམ་སྤྱོད་བྱས་པ་མ་ཟད། སྨན་བཅོས་དངོས་ཟོག་དང་རིམས་འགོག་སྨན་ཁབ་སོགས་རྩ་ཆེའི་རོགས་སྐྱོར་བྱས་པར་བསྔགས་བརྗོད་བྱ་རྒྱུ་ཡིན། ཀྲུང་གོས་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་པ་ནི་གལ་འགངས་ཧ་ཅང་ཆེན་པོ་ཞིག་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཀྲུང་གོ་ཕྱོགས་དང་གནམ་གཤིས་འགྱུར་ལྡོག་དང་རྒྱུན་མཐུད་འཕེལ་རྒྱས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་འདོད་ཡོད་ལ་རྒྱལ་སྤྱིའི་ལས་དོན་ཁྲོད་ཀྲུང་གོས་འགོ་ཁྲིད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་བྱ་རྒྱུའི་རེ་བའང་ཡོད་ཅེས་གསུངས་པ་རེད།

  
style="display:none;"