མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་09ཉིན། 18:52】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཚེས་7ཉིན་གྱི་སྔ་དྲོ་ཞལ་ཆད་ལྟར་ཨ་རིའི་ཙུང་ཐུང་ཐེ་རོན་ཕུ་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཐོན་ཚུན་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ནུས་ཤུགས་ཡོད་རྒུས་རིམས་ནད་ལ་འགོག་རྒོལ་བྱས་ཡོད། ང་ཚོས་རྒྱལ་ཡོངས་སྐུལ་སློང་དང་། ཕྱོགས་ཡོངས་ནས་བཀོད་སྒྲིག འཕྲལ་དུ་བྱ་སྤྱོད་སྤེལ་བ་བཅས་བྱས་པ་དང་། གཞི་ཁྱོན་ཆེ་ཤོས་དང་ནན་ཤོས་ཀྱི་སྔོན་འགོག་ཚོད་འཛིན་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་ཀྱི་དམག་འཐབ་ཅིག་རྒྱག་འགོ་བཙུགས་ཡོད། འབྲེལ་ཡོད་ལས་དོན་ལ་རིམ་བཞིན་ཕན་འབྲས་ཐོན་པས། ང་ཚོར་རིམས་ནད་ལས་རྣམ་པར་རྒྱལ་བའི་གདེང་ཚོད་དང་ནུས་པ་རྦད་དེ་ལྡན་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་ཚུལ་ལ་འགྱུར་ལྡོག་ཡོང་མི་སྲིད་ཅེས་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོའི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་སྲུང་སྐྱོང་བྱེད་པ་མ་ཟད། འཛམ་གླིང་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལའང་སྲུང་སྐྱོང་བྱེད་ཀྱི་ཡོད། ང་ཚོས་ཡོངས་བསྒྲགས་དང་། ཁ་གསལ། འགན་འཁུར་བ་བཅས་ཀྱི་རྣམ་འགྱུར་ཐོག་ནས་དུས་ཐོག་ཏུ་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་ཨ་རི་ཚུད་པའི་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་ལ་བརྡ་ཁྱབ་བཏང་བ་མ་ཟད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་སོགས་ཀྱི་འབྲེལ་ཡོད་རིགས་གཅིག་མཁས་ཅན་ཝུའུ་ཧན་ལ་རྟོག་ཞིབ་བྱེད་པར་གདན་དྲངས་ཡོད། ཀྲུང་གོ་ནི་ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོ་རེད། ང་ཚོས་དུས་ཐོག་ཏུ་འཕྲལ་ཐག་ཆོད་པའི་བྱ་ཐབས་ནུས་ལྡན་སྤྱད་པར་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་དེ་བཞིན་རྒྱལ་ཁབ་མང་པོའི་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་ཐོབ་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོ་དང་ཨ་རིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་འབྲེལ་བ་རྒྱུན་འཁྱོངས་བྱེད་ཀྱི་ཡོད། ངས་སྐུ་ཞབས་ཙུང་ཐུང་གིས་ཀྲུང་གོ་ཕྱོགས་ཀྱི་སྔོན་འགོག་ཚོད་འཛིན་ལས་དོན་ལ་གདེང་འཇོག་བཟང་པོ་ཐེངས་མང་གནང་བར་བསྔགས་བརྗོད་ཞུ་རྒྱུ་དང་། ཨ་རིའི་སྤྱི་ཚོགས་ལས་རིགས་ཁག་གིས་དངོས་ཟོག་ཞལ་འདེབས་ཕུལ་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། རིམས་ནད་ལ་རྒྱལ་ཁབ་ཁག་གིས་མཉམ་དུ་ནུས་ཤུགས་བཏོན་ནས་ཁ་གཏད་འཇལ་དགོས། མིག་སྔར་རིམས་ནད་སྔོན་འགོག་ཚོད་འཛིན་དེ་འགག་རྩའི་དུས་མཚམས་སུ་སླེབས་ཡོད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱིས་ཆེད་ལས་ཀྱི་ཟུར་ཚད་ཐོག་ནས་རྒྱལ་ཁབ་ཡོད་དོ་ཅོག་ལ་དངངས་སྐྲག་ཆེན་པོ་བྱ་རྒྱུ་མེད་པའི་འབོད་སྐུལ་ཐེངས་མང་བྱས་ཡོད། ཨ་རི་ཕྱོགས་ཀྱིས་རིམས་ནད་ལ་སེམས་རྣལ་དུ་ཕབ་ནས་ཚོད་སྐོར་བྱེད་པ་དང་། ཁ་གཏད་འཇལ་བའི་བྱ་ཐབས་ལུགས་མཐུན་ངང་བཟོ་བ་དང་ལེགས་སྒྲིག་བྱ་རྒྱུའི་རེ་བ་ཡོད། ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་འབྲེལ་བ་རྒྱུན་འཁྱོངས་དང་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས་ཐུན་མོང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་དགོས་ཞེས་གསུངས་པ་རེད།

  
style="display:none;"