མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་
ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་06ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཧུའུ་པེའི་ཝུའུ་ཧན་དུ་བསྡུ་བཅོས་བྱེད་ཚད་དང་དྲག་སྐྱེད་ཐུབ་ཚད་མཐོ་རུ་གཏོང་བ་དང་། རིམས་ནད་འགོ་ཚད་དང་འཆི་ཚད་དམའ་རུ་གཏོང་བའི་བྱ་ཐབས་བཀོད་སྒྲིག་བྱས་ནས། སྨན་བཅོས་ཐོན་ཁུངས་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་འགན་ལེན་སྔར་བས་ཡག་པོ་བྱེད་དགོས།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་4ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཟླ་2ཚེས་3ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་པའི་ཐད་གསུང་བཤད་གལ་ཆེན་གནང་ཡོད། དེས་ན། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་། ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱི་ཚོགས་འདུའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་དེ་མིག་སྔའི་ལས་དོན་གལ་ཆེ་ཤོས་ཤིག་ལ་བརྩིས་ཏེ་དམ་འཛིན་དང་། དངོས་འཛིན་དངོས་སྒྲུབ། དོན་འཁྱོལ་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཚགས་བཅས་བྱས་ནས། རིམས་ནད་མཆེད་ཚུལ་མཐའ་གཅིག་ཏུ་གཏན་འགོག་བྱེད་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ལྷག་དོན་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེ་ཞིག་ཡིན་པས། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་བསྡུ་བཅོས་བྱེད་ཚད་དང་དྲག་སྐྱེད་ཐུབ་ཚད་མཐོ་རུ་ཧུར་ཐག་གཏོང་བ་དང་། རིམས་ནད་འགོ་ཚད་དང་མི་སྣ་འཆི་ཚད་དམའ་རུ་ཧུར་ཐག་གཏོང་དགོས། ནད་ཁྲི་མཁོ་སྤྲོད་བྱེད་རྒྱ་སྔར་བས་ཆེ་རུ་གཏོང་བ་དང་། གསོལ་མགྲོན་ཁང་དང་། བྱེད་སྒོ་སྤེལ་ཡུལ། གསོ་སྦྱོང་ལྟེ་གནས་སོགས་ཁག་གཅིག་བསྡུ་སྤྱོད་བྱས་ནས་དོགས་པ་ཡོད་པའི་ནད་དཔེ་དང་། ནད་གཞི་ཚབས་ཆུང་བའི་ནད་པ་གཅིག་སྡུད་བསྡུ་བཅོས་བྱེད་པའམ་ཡང་ན་འབྲེལ་བ་དམ་ཟབ་ཡོད་མཁན་ལ་ལྟ་ཞིབ་བྱེད་རྒྱུར་སྤྱོད་པ། རིམ་གསུམ་ཕྱོགས་བསྡུས་སྨན་ཁང་ཁག་གཅིག་གནས་གཏན་འཁེལ་གྱི་བསྡུ་བཅོས་སྨན་ཁང་ལ་སྒྱུར་བ་བཅས་བྱེད་དགོས། འཕྲལ་སྡོམ་་སྟབས་བསྟུན་གྱི་སྨན་ཁང་ཁག་གཅིག་བཟོ་བ་དང་། སླར་ཡང་སྨན་དོན་མི་སྣ་2000མང་དུ་བཏང་ནས་ཧུའུ་པེར་རོགས་སྐྱོར་བྱེད་དགོས་པ་དང་། ཚེས་4ཉིན་གྱི་དགོང་མོ་འབྱོར་བ་བྱེད་དགོས། དགེ་མཚན་ལྡན་པའི་སྟོབས་ཤུགས་གཅིག་སྡུད་ཀྱིས་ཆུ་ཚད་མཐོ་བའི་སྨན་དོན་རུ་ཁག་མངགས་ནས་ནད་གཞི་ཚབས་ཆེན་སྐྱོབ་བཅོས་སྨན་ཁང་ངམ་ཡང་ན་ནད་སྡོད་ཁུལ་གྱི་སྒྲིག་གཞི་ཆ་ཚང་རྩིས་ལེན་དོ་དམ་བྱེད་པ་དང་འབྲེལ། མྱུར་སྐྱོབ་སྒྲིག་ཆས་དང་འགོག་སྲུང་དངོས་རྫས་བཀོད་སྒྲིག་ཆ་ཚང་པོ་བྱེད་དགོས། ནད་གཞི་བརྟག་དཔྱད་ཐེངས་དང་པོ་བྱེད་སའི་གཞི་རིམ་གྱི་སྨན་བཅོས་སྟོབས་ཤུགས་ཆེ་རུ་གཏོང་དགོས། སྨན་དོན་མི་སྣ་རེས་མོས་ངལ་གསོ་རྒྱག་རྒྱུ་བཀོད་སྒྲིག་ལུགས་མཐུན་བྱས་ནས་སྨན་དོན་མི་སྣའི་གཟུགས་གཞི་བདེ་ཐང་འགན་ལེན་བྱེད་དགོས། ལྟ་ཞིབ་དང་ནད་བརྟག་ནུས་པ་ཆེ་རུ་གཏོང་བ་དང་། ལྟ་ཞིབ་ཀྱི་དུས་ཚོད་ཐུང་དུ་གཏོང་བ། རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ཁོངས་གཏོགས་ནས་ལྟ་ཞིབ་སྟོབས་ཤུགས་སྐོང་འཐེན་གྱིས་ཝུའུ་ཧན་ལ་རོགས་སྐྱོར་བྱེད་པ། ཆ་རྐྱེན་འཛོམས་པའི་ཕྱོགས་གསུམ་པའི་ལྟ་ཞིབ་སྒྲིག་གཞིས་ཉིང་སྐྱུར་ལྟ་ཞིབ་བྱེད་དུ་འཇུག་པ་བཅས་བྱེད་དགོས། ནད་བརྟག་སྨན་བཅོས་ཀྱི་ཇུས་གཞི་བཟང་སྒྲིག་བྱས་ནས། ནད་ཐོག་གི་སྤྱོད་གོ་ཆོད་པའི་སྨན་བཅོས་བྱ་ཐབས་ནད་བརྟག་སྨན་བཅོས་ཀྱི་ཚད་གཞིའི་ནང་འཇུག་པ་དང་། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་ཟུང་འབྲེལ་བྱས་ཏེ་ནད་ཐོག་སྐྱོབ་བཅོས་ཀྱི་ཕན་ནུས་ཆེ་རུ་གཏོང་དགོས།
     ཚོགས་འདུའི་ཐོག་བསྟན་དོན། སྨན་བཅོས་སྐྱོབ་བཅོས་དང་འགོག་སྲུང་ཐོན་ཁུངས་རིམས་ནད་འགོག་རྒོལ་གྱི་འཐབ་ས་དང་པོར་གཅིག་སྡུད་བྱེད་དགོས་པ་དང་དུས་མཚུངས། འཚོ་བའི་མཁོ་ཆས་མཁོ་སྤྲོད་འགན་ལེན་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ས་གནས་ཀྱི་འགན་འཁྲི་ནན་དུ་གཏོང་བ། སྨན་བཅོས་འགོག་སྲུང་གྱོན་ཆས་དང་ཁ་རས་སོགས་ཐོན་སྐྱེད་བྱེད་མཁན་ཁེ་ལས་ཀྱིས་ལས་འགོ་སྔ་ཙམ་འཛུགས་རྒྱུར་སྐུལ་འདེད་གཏོང་བ། ཐོན་སྐྱེད་ཀྱི་མི་མངོན་པའི་སྟོབས་ཤུགས་འདོན་སྤེལ་ཤུགས་ཆེན་བྱེད་པ། བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་ཐོན་ནུས་རྒྱ་ཆེར་གཏོང་བ་བཅས་བྱེད་དགོས། ནང་འདྲེན་བྱས་པའི་སྨན་བཅོས་དངོས་ཟོག་འབྲེལ་ཡོད་ཚད་གཞི་དང་མཐུན་པ་བྱས་ནས་སྤྲོད་རྒྱུ་དང་སྤྱོད་རྒྱུར་དམ་འཛིན་ནན་པོ་བྱེད་དགོས། གཙོ་གནད་ཀྱི་སྨན་བཅོས་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་རིམ་དབྱེ་བེད་སྤྱོད་བྱེད་པའི་ཚན་རིག་ཁྱབ་གདལ་ཤེས་བྱ་དྲིལ་བསྒྲགས་ཡག་པོ་བྱེད་དགོས། ས་གནས་ཁག་གི་འཚོ་བའི་མཁོ་ཆས་རྒྱུན་གཏན་བཞིན་མཁོ་སྤྲོད་ཐུབ་པའི་འགན་ལེན་བྱེད་དགོས། གཙོ་གནད་ཁེ་ལས་དང་ལྷག་དོན་དུ་ཀྲུང་དབྱང་ཁེ་ལས་ཀྱིས་འཚོ་བའི་མཁོ་ཆས་ཐོན་སྐྱེད་བྱེད་རྒྱུར་མཐུན་སྦྱོར་བྱེད་དགོས། འགྲིམ་འགྲུལ་དྲ་རྒྱ་ཤར་གཏོང་ཐུབ་པའི་འགན་ལེན་གྱིས་འགགས་པའི་འགྲོ་ལམ་ཁག་གཅིག་གང་མགྱོགས་ཤར་གཏོང་ཐུབ་པ་བྱས་ནས་ས་ཁོངས་སྒྲོལ་ནས་གཏོང་འདྲེན་བྱེད་རིང་འཕྲད་པའི་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱེད་པ་དང་དངོས་ཟོག་ཁག་བགོས་ཀྱི་ལས་ཕྱོད་ཆེ་རུ་བཏང་ཐོག་ཁྲོམ་རའི་མཁོ་སྤྲོད་འགན་ལེན་བྱེད་དགོས།
     ཚོགས་འདུའི་ཐོག་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་ལ་བརྟེན་ནས་སྨན་བཅོས་ཐོན་ཁུངས་མཁོ་སྤྲོད་དང་དགོས་མཁོ་གནད་སྨིན་སྦྲེལ་མཐུད་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས་པ་དང་། ས་གནས་ཁག་དང་ལྷག་དོན་དུ་ཧུའུ་པེ་ཞིང་ཆེན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོ་གཞིར་བཟུང་། སྨན་བཅོས་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་དངོས་ཟོག་ཉིན་རེར་བཀོད་གཏོང་ཡག་པོ་བྱེད་རྒྱུར་སྔར་བས་སྤྱི་འདོམས་བྱེད་དགོས་པ་དང་། སྡེ་ཚན་ཁག་གིས་རང་འགན་རང་འཁུར་དང་། རང་འགུལ་ངང་བྱ་སྤྱོད་སྤེལ་བ། སྟོབས་ཤུགས་མཉམ་འདོན་གྱིས་གཞོགས་འདེགས་བཅས་བྱེད་དགོས། འགྲིམ་འགྲུལ་འཚང་གཡོལ་བཀོད་གཏོང་བྱེད་ཤུགས་ཆེ་རུ་བཏང་ནས་དུས་ཆེན་རྗེས་སུ་མི་སྣ་ཕྱིར་ལོག་བྱེད་ཚད་མང་བ་དང་གཅིག་སྡུད་ཕྱིར་སྐྱོད་ཀྱི་གནས་ཚུལ་མི་ཐོན་པ་བྱེད་དགོས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་སྲ་ཞིང་བརྟན་པའི་འགོ་ཁྲིད་འོག་གདེང་ཚོད་བརྟན་གཏོང་དང་། ཕྱར་བ་གྲུ་འདེགས། ཚན་རིག་དང་མཐུན་པའི་འགོག་བཅོས། གནད་སྨིན་ཇུས་འདོན་བཅས་བྱས་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་བླང་བྱ་བཏོན་པ་རེད།

  
style="display:none;"