མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་
ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་08ཉིན། 13:28】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་6ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུད་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་གཞིར་བཟུང་། ཁྲིམས་ལྟར་དང་། ཚན་རིག་དང་མཐུན་པ། ནུས་པ་ལྡན་པ། གོ་རིམ་ལྡན་པ་བཅས་མཐའ་འཁྱོངས་ཀྱིས་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་ཤུགས་སྣོན་རྒྱག་དགོས། མིག་སྔར། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་ལ་མུ་མཐུད་སྟོབས་ཤུགས་གཅིག་སྒྲིལ་གྱིས་དམ་འཛིན་ཡག་པོ་བྱེད་རྒྱུ་ནི་གལ་ཆེའི་ནང་གི་འགངས་ཆེ་ཞིག་རེད། མ་འོངས་ཉིན་ཁ་ཤས་རིང་བསྡུ་བཅོས་ནུས་པ་ཆེ་རུ་གཏོང་རྒྱུར་དམིགས་ནས་ཝུའུ་ཧན་གྲོང་ཁྱེར་ལ་མུ་མཐུད་བྱེད་ཐབས་སྣ་ཚོགས་སྤྱད་དེ་ནད་ཁྲི་མཁོ་སྤྲོད་མང་དུ་བཏང་ནས་ཕྱི་ཕྱོགས་ཀྱི་རོགས་སྐྱོར་སྟོབས་ཤུགས་བཀོད་གཏོང་དང་ས་གནས་དེ་གའི་མི་མངོན་པའི་ནུས་པ་སྔོག་འདོན་བརྒྱུད་སླར་ཡང་སྨན་དོན་མི་སྣ་མང་དུ་གཏོང་དགོས། ཧུའུ་པེ་ཞིང་ཆེན་གྱི་ས་ཁུལ་གཞན་དག་ལ་ད་ཡོད་ཀྱི་གནས་གཏན་འཁེལ་གྱི་སྨན་ཁང་གི་མི་མངོན་པའི་ནུས་པ་སྔོག་འདོན་དང་། ཆེད་ཚན་སྨན་ཁང་གསར་འཛུགས། གཅིག་སྡུད་ལོག་འཇོག་བྱེད་ས་འཛུགས་པ་སོགས་བརྒྱུད་ནད་ཁྲི་མཁོ་འདོན་བྱེད་མང་དུ་གཏོང་བ་དང་། ས་གནས་དེ་གའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)16གི་ཁ་གཏད་རོགས་སྐྱོར་སྒྲིག་འཛུགས་བྱས་པ་བརྒྱུད་འབྲེལ་ཡོད་གྲོང་ཁྱེར་དང་རྫོང་གི་སྨན་དོན་སྟོབས་ཤུགས་ཆེ་རུ་གཏོང་དགོས། དེ་དང་ཆབས་ཅིག་གཏན་ལ་འཁེལ་བའི་བཀོད་སྒྲིག་གཞིར་བཟུང་གཙོ་གནད་སྨན་བཅོས་ཀྱི་སྔོན་འགོག་དང་ཚོད་འཛིན་གྱི་དངོས་ཟོག་འགན་ལེན་ལས་དོན་ལ་མུ་མཐུད་དམ་འཛིན་ཡག་པོ་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། མིག་སྔར། ཧུའུ་པེ་ཞིང་ཆེན་ཕུད། རྒྱལ་ཡོངས་ཀྱི་ས་ཁུལ་གཞན་དག་ལ་གཏན་འཁེལ་བའི་ནད་དཔེ་གསར་དུ་འཕར་ཚད་སྤྱིའི་ཆ་ནས་བརྟན་དུ་དང་མི་སྣ་འཆི་ཚད་དམའ་རུ་སོང་ཡོད། ཐོན་ཁུངས་བཀོད་སྒྲིག་ལུགས་མཐུན་དང་དོན་མེད་ཀྱི་དངངས་སྐྲག་མ་བྱས་པར། ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་མུ་མཐུད་ཡག་པོ་སྒྲུབ་པ་དང་ཆབས་ཅིག རྒྱུན་གཏན་གྱི་ཐོན་སྐྱེད་སླར་གསོར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་བཏང་ནས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་དེ་བས་ཡག་པའི་འགན་ལེན་བྱེད་དགོས་ལ། རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྒྲིག་ལམ་ཡང་སྲུང་སྐྱོང་ཏན་ཏིག་བྱེད་དགོས། ཁེ་ལས་ལ་བྱེད་ཐབས་གསར་གཏོད་བྱེད་པ་དང་ལས་དོན་སྒྲུབ་ཡུལ་དུ་མི་སྣ་འདུས་ཚད་ཉུང་དུ་བཏང་ནས། ལས་རེས་ལམ་ལུགས་སྤྱད་དེ་ཐེག་ཚད་ཁེངས་པའི་ཐོན་སྐྱེད་འགན་ལེན་ལ་ལྕག་སྐུལ་བྱེད་དགོས། གཙོ་གནད་ཁེ་ལས་ཀྱི་འབྲེལ་གཏུག་པ་མངགས་གཏོང་བྱེད་པའི་ལམ་ལུགས་བཙུགས་ནས། ཁེ་ལས་ཀྱིས་ཤེད་ཤུགས་གང་ཡོད་བཏོན་ནས་ཐོན་སྐྱེད་ལ་སྐུལ་འདེད་གཏོང་བ་དང་འཕྲུལ་ཆས་དང་། ལས་མི་བེད་སྤྱོད། མ་དངུལ་མི་འདང་བ་སོགས་ཀྱི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱེད་པ། མ་བཅོས་རྒྱུ་ཆ་དང་ལྷུ་ལག་ཆེ་ཆུང་གལ་ཆེན་སོགས་མཁོ་སྤྲོད་བརྟན་པའི་འགན་ལེན་ལས་དོན་ལ་དམ་འཛིན་ཡག་པོ་བཅས་བྱས་ནས། ཐོན་ལས་ཀྱི་སྦྲེལ་ཐག་ཧྲིལ་པོ་རྒྱུན་གཏན་ལྟར་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱེད་དགོས། རྡོ་སོལ་དང་། གློག སྣུམ། སོལ་རླངས་བཅས་མཁོ་སྤྲོད་བྱེད་པའི་འགན་ལེན་སྔོན་ཇུས་བཟོས་ནས། གཅིག་སྡུད་ཀྱི་བསྐྱར་ཐོན་ནུས་པ་ལས་ཐོན་སྲིད་པའི་ས་ཁོངས་རང་བཞིན་དང་དུས་མཚམས་རང་བཞིན་ནམ། ཡང་ན་རིན་གོང་ཆེས་ཆེར་འཕར་བའི་གནད་དོན་སྔོན་འགོག་བྱེད་དགོས། སློབ་གྲྭ་ཁག་གིས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དགོས་མཁོར་གཞིགས་ནས་སློབ་འགོ་ཚུགས་པའི་དུས་ཚོད་ནར་འགྱངས་འོས་འཚམ་དང་སློབ་འགོ་འཛུགས་སྐབས་འཚང་ཁ་ལས་གཡོལ་གང་ཐུབ་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཁོངས་གཏོགས་ས་ཆའི་སྲིད་གཞུང་དང་ཁེ་ལས་ཀྱི་འགན་འཁྲི་ཤུགས་ཆེར་བཏང་སྟེ། རྒྱུན་གཏན་གྱི་ཐོན་སྐྱེད་སླར་གསོ་བྱུང་རྗེས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་དགོས་པ་དང་ལུགས་མཐུན་དང་། འོས་འཚམ། གོ་ཆོད་བཅས་ཀྱི་རྩ་དོན་གཞིར་བཟུང་། དམིགས་སའི་རང་བཞིན་གྱི་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་བཟོས་ནས་ལས་དོན་སྒྲུབ་ཡུལ་གྱི་མི་སྣའི་སྔོན་འགོག་དང་ཚོད་འཛིན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་དོན་འཁྱོལ་བྱེད་དགོས། མི་སྣ་འགྲོ་སྐྱོད་ཀྱི་ཆ་འཕྲིན་གཏན་འཁེལ་གཱ་བཟོས་ནས་རིམས་ནད་ཐོན་ཚབས་ཆེ་བའི་ས་ཁུལ་གྱི་མི་སྣ་ལས་གནས་སུ་ཕྱིར་ལོག་བྱེད་པའི་ཆ་རྐྱེན་རིགས་དབྱེ་ཁ་གསལ་བཟོ་དགོས། མི་སྣ་ཡོང་ས་དང་སྐྱོད་སའི་སྦྲེལ་མཐུད་ལ་ཤུགས་སྣོན་བརྒྱབ་ནས་མི་སྣ་ལས་གནས་ཐོག་ཕྱིར་ལོག་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་གོ་རིམ་ལྡན་ལ་སྒྲིག་སྲོལ་ལྟར་རོགས་རམ་བྱེད་དགོས། ལྕགས་ལམ་དང་དམངས་སྤྱོད་མཁའ་འགྲུལ་སོགས་སྡེ་ཚན་གྱིས་སྐྱེལ་འདྲེན་བྱེད་ཤུགས་གཅིག་འདོམས་བྱས་ཏེ། མེ་འཁོར་དང་གནམ་གྲུར་ལོགས་སུ་སྡོད་པའི་བྱེད་ཐབས་སྤྱོད་གང་ཐུབ་ཀྱིས་མི་སྣ་ཕྱིར་ལོག་བྱེད་རིང་འཚང་ཁ་ལས་གཡོལ་ནས་རིམས་ནད་ཁྱབ་པའི་ཉེན་ཁ་ཆུང་དུ་གཏོང་དགོས། འབྲེལ་ཡོད་ས་ཁུལ་གྱིས་སྒེར་འཁོར་གྱི་འཁོར་མཇུག་ཨང་གྲངས་ཀྱི་ཚོད་འཛིན་སྲིད་ཇུས་གནས་སྐབས་ལག་བསྟར་བྱེད་མཚམས་འཇོག་པའམ་ཡང་ན་དམིགས་བསལ་གྱི་བཀོད་སྒྲིག་བྱེད་དགོས།
     འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཏིང་ཞུའེ་ཞང་དང་། ཧོང་ཁུན་མིང་། ཚའེ་ཆི། ཝང་དབྱི། ཤའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

  
style="display:none;"