མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་07ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ■ ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་གི་ཡོད། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ནས་ནུས་ཤུགས་བཏོན་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཐད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས།
     ■ མིག་སྔ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་པས་ཁྲིམས་ལྟར་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་དཀའ་ངལ་ཇི་ཙམ་ཆེན་པོ་འཕྲད་རུང་། དེ་ཙམ་གྱིས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་སྐྱོང་ལམ་བུའི་ཐོག་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས།
     ■ རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་འགན་འཁྲི་འཁུར་བ་དང་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཐོག ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་རིང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁ་གསལ་བགོས་པ་དང་། རང་འགུལ་ངང་འགན་འཁྲི་ཧུར་ཐག་འཁུར་བ། ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཟླ་2ཚེས་5ཉིན་གྱི་ཕྱི་དྲོ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཁོང་གིས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་འོག་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་འཇོག་གི་ཡོད། ཁྲིམས་འཛུགས་དང་། ཁྲིམས་བསྟར། ཁྲིམས་འཛིན། ཁྲིམས་སྲུང་བཅས་ཀྱི་ལྷུ་ཚིགས་ཁག་ནས་ནུས་ཤུགས་བཏོན་ཏེ། ཕྱོགས་ཡོངས་ནས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་དང་ཁྲིམས་ལྟར་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཐད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལི་ཁེ་ཆང་དང་། ལི་ཀྲན་ཧྲུའུ། ཝང་ཧུའུ་ཉིང་བཅས་ཚོགས་འདུར་ཕེབས་པ་རེད།
     ཚོགས་འདུའི་ཐོག《ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ཁྲིམས་བཞིན་སྔོན་འགོག་ཚོད་འཛིན་དང་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱ་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་གི་བསམ་འཆར》དང་། 《ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་བསམ་འཆར》《ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》 《སྲིད་འཛིན་བསྐྱར་གྲོས་སྒྲིག་གཞི་སྒྱུར་བཅོས་ཀྱི་ཇུས་གཞི》དེ་བཞིན་ཧྲང་ཧའེ་གྲོང་ཁྱེར་གྱིས་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་སྙན་ཞུ། ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས། མིག་སྔ་ནི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགག་རྩའི་དུས་སྐབས་ཡིན་པས་ཁྲིམས་ལྟར་ཚན་རིག་དང་མཐུན་པ་དང་གོ་རིམ་ལྡན་པའི་ངང་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་རེད། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་དཀའ་ངལ་ཇི་ཙམ་ཆེན་པོ་འཕྲད་རུང་། དེ་ཙམ་གྱིས་ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་མཐའ་འཁྱོངས་བྱེད་དགོས་པ་དང་། ཁྲིམས་སྐྱོང་ལམ་བུའི་ཐོག་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འབྲེལ་ཡོད་ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལེ་ལག་ཚང་བའི་ལམ་ལུགས་འཛུགས་རྒྱུར་ཤུགས་སྣོན་རྒྱག་པ། ཆད་གཅོད་གོ་རིམ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་བདེ་འཇགས་འགན་ལེན་ཤུགས་ཆེར་གཏོང་བ་བཅས་བྱས་ཏེ་མ་ལག་ཆ་ཚང་ཞིང་། ཚན་རིག་དང་མཐུན་ལ་ཚད་དང་ལྡན་པ། འཁོར་རྒྱུག་ནུས་ལྡན་བཅས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བཅའ་ཁྲིམས་མ་ལག་ཅིག་གྲུབ་པ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་ཀྱི་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱེད་པ་དང་། ཉེན་ཁའི་དཔྱད་དཔོག་ལ་ཤུགས་སྣོན་རྒྱག་པ། ཁྲིམས་ལྟར་བཀོད་ཇུས་གཟབ་ནན་བྱེད་པ། ཁྲིམས་ལྟར་སྔོན་འགོག་ཚོད་འཛིན་བྱ་ཐབས་ལག་བསྟར་ནན་པོ་བྱེད་པ་བཅས་ཀྱི་སྒོ་ནས་རིམས་ནད་མུ་མཐུད་ཁྱབ་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུར་གནོད་པའི་བྱེད་སྤྱོད་ལ་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཆད་པ་གཅོད་ཤུགས་ཆེ་རུ་གཏོང་བ་དང་། རིམས་ནད་འགོག་བཅོས་བཅའ་ཁྲིམས་དང་དེའི་ལག་བསྟར་སྲོལ་ཡིག་དང་། བདག་ཏུ་མ་བཟུང་བའི་སྲོག་ཆགས་སྲུང་སྐྱོབ་བཅའ་ཁྲིམས། སྲོག་ཆགས་ཀྱི་རིམས་འགོག་བཅའ་ཁྲིམས། ཐོལ་བྱུང་གི་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་གྱི་འཕྲལ་སྡོམ་སྲོལ་ཡིག་སོགས་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་ནན་པོ་བྱས་ཐོག་ཁྲིམས་ལྟར་རིམས་ནད་སྔོན་འགོག་ཚོད་འཛིན་དང་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་ལག་བསྟར་བྱེད་དགོས་ཞེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་འགན་འཁྲི་འཁུར་བ་དང་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་སྤེལ་རྒྱུ་མཐའ་འཁྱོངས་བྱས་ཐོག ཐོལ་བྱུང་དོན་རྐྱེན་ཚབས་ཆེན་ཐག་གཅོད་བྱེད་རིང་ཁྲིམས་སྐྱོང་སྲིད་གཞུང་འཛུགས་རྒྱུར་སྐུལ་འདེད་བཏང་ནས་ཁྲིམས་ལྟར་སྲིད་སྐྱོང་དང་ཁྲིམས་ལྟར་སྲིད་འཛིན་གྱི་ཆུ་ཚད་གོང་མཐོར་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་འགན་འཁྲི་ཁ་གསལ་བགོས་པ་དང་། རང་འགུལ་ངང་འགན་འཁྲི་ཧུར་ཐག་འཁུར་བ། ལས་འགན་དོན་འཁྱོལ་ལ་དམ་འཛིན་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་འགན་ལེན་ཏན་ཏིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
     ཚོགས་འདུའི་ཐོག་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་ཀྱི་ཕྱོགས་བསྡུས་ལེ་ལག་ཚང་བའི་སྒྱུར་བཅོས་ནི་ཁྲིམས་འཛིན་སྒྲིག་གཞི་སྒྱུར་བཅོས་ཀྱི་ནང་དོན་གལ་ཆེན་ཞིག་ཡིན་པ་དང་། དེ་ནི་ཁྲིམས་འཛིན་དྲང་གཞག་དང་ནུས་ཆེའི་དབང་གྲགས་དང་འབྲེལ་བ་ཡོད། སྒྱུར་བཅོས་ལས་འགན་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་། “འདྲི་ཞིབ་བྱེད་མཁན་གྱིས་ཁྲུན་གཅོད་བྱེད་པ་དང་ཁྲུན་གཅོད་བྱེད་མཁན་གྱིས་འགན་འཁྲི་འཁུར་བ”དངོས་འབྲེལ་བྱེད་པ། ཁྲིམས་འཛིན་གྱི་སྤྱི་མོས་ཐོབ་ཚད་མཐོ་རུ་གཏོང་བ་བཅས་ཀྱི་སྒོ་ནས་མི་དམངས་མང་ཚོགས་ལ་ཁྲིམས་འཛིན་གྱོད་གཞི་མི་རེ་ངོ་རེའི་ཁྲོད་ནས་དྲང་སྙོམས་དྲང་བདེན་གྱི་མྱོང་ཚོར་ཡོང་བ་བྱེད་དགོས། ཁྲིམས་སྐྱོང་གྲོང་གསེབ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་བྱེད་པ་དང་ཕྱོགས་ཡོངས་ནས་ཁྲིམས་བཞིན་རྒྱལ་སྐྱོང་ལ་སྐུལ་འདེད་གཏོང་བའི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད་ཅེས་གསུངས་པ་རེད།

  
style="display:none;"