མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དང་ཁོ་ལོམ་པི་ཡའི་ཙུང་ཐུང་ཏུའུ་ཁེ་ཡིས་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་
རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་09ཉིན། 18:50】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་7ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ་2ཚེས་7ཉིན་ཁོ་ལོམ་པི་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏུའུ་ཁེ་དང་རྟེན་འབྲེལ་གློག་འཕྲིན་གཏོང་རེས་གནང་སྟེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བར་རྟེན་འབྲེལ་ཞུས་པ་རེད།
     ཞི་ཅིན་ཕིང་གི་རྟེན་འབྲེལ་གློག་འཕྲིན་ནང་། ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་རིང་ཀྲུང་གོ་དང་ཁོ་ལོམ་པི་ཡ་ཕྱོགས་གཉིས་ཀྱིས་ཕན་ཚུན་བརྩི་འཇོག་དང་། གཉིས་ཁེ་གཉིས་ཕན། ཐུན་མོང་འཕེལ་རྒྱས་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་དང་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་བས་ཕྱོགས་གཉིས་པོའི་འབྲེལ་བ་འཕེལ་རྒྱས་བཟང་པོ་འགྲོ་ཚུལ་རྒྱུན་འཁྱོངས་ཐུབ་ཡོད། 2019ལོའི་ཟླ་7པར་ཙུང་ཐུང་ཏུའུ་ཁེ་ཡིས་བདེ་བླག་ངང་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པ་དང་། ང་ཚོས་ཟོལ་མེད་མཛའ་མཐུན་གྱི་སྤེལ་རེས་བྱས་པ་མ་ཟད། ཐུན་མོང་གི་ངོས་འཛིན་གལ་ཆེན་གྲུབ་ནས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བའི་ཕུགས་ཀྱི་འཕེལ་རྒྱས་ཆེད་སྒུལ་ཤུགས་གསར་པ་བསྣན་ཡོད། ངས་ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱེད་ཀྱི་ཡོད། ཙུང་ཐུང་ཏུའུ་ཁེ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་བཙུགས་ནས་ལོ་ངོ་40འཁོར་བ་དེ་འགོ་འཛུགས་ས་གསར་པར་བྱས་ཏེ་ཐུན་མོང་ཐོག་ཀྲུང་གོ་དང་ཁོ་ལོམ་པི་ཡའི་འབྲེལ་བ་ལོ་རྒྱུས་ཀྱི་དུས་མཚམས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད་ཅེས་འཁོད་ཡོད་པ་རེད།
     ཏུའུ་ཁེ་ཡི་རྟེན་འབྲེལ་འཕྲིན་ཡིག་ནང་། 2019ལོར་ངས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་བྱས་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཐུན་མོང་གི་ངོས་འཛིན་གསར་པ་མང་པོ་གྲུབ་སྟེ། ཕྱོགས་གཉིས་པོའི་ཆབ་སྲིད་དང་། དཔལ་འབྱོར། སྤྱི་ཚོགས། རིག་གནས་སོགས་ཁྱབ་ཁོངས་ཀྱི་མཛའ་མཐུན་མཉམ་ལས་ལ་སྒུལ་ཤུགས་གསར་པ་བསྣན་ཡོད། ཀྲུང་གོས་ཕྱོགས་གཉིས་མཉམ་ལས་བརྒྱུད་ཁོ་ལོམ་པི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཕུལ་བར་ངས་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་ལ། སྙིང་དབུས་ནས་ཐུགས་རྗེ་ཆེའང་ཞུ་རྒྱུ་ཡིན། ངས་ཁོ་ལོམ་པི་ཡ་མི་དམངས་ཀྱི་ཚབ་བྱས་ཏེ། མུ་མཐུད་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་རྒྱལ་ཁབ་གཉིས་པོའི་འབྲེལ་བའི་རྗེས་མའི་ལོ་ངོ་40ཡི་འཕེལ་རྒྱས་འཆར་འགོད་ཡག་པོ་བཏིང་ནས་ཕྱོགས་གཉིས་པོའི་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་སྟེ་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་བདེ་སྐྱིད་སྐྲུན་འདོད་ཡོད་ཅེས་བསྐྱར་བསྒྲགས་བྱ་རྒྱུ་ཡིན་ཞེས་འཁོད་ཡོད་པ་རེད།

  
style="display:none;"