མི་དམངས་དྲ་བ།

༄༅༎ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་
གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་ཞིབ་འཇུག་བྱས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་05ཉིན། 15:21】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།
     ■ རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཡང་འབྲེལ་བ་ཡོད། ད་ཆ་ཆེས་འགག་རྩའི་གནད་དོན་ནི་ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་དང་ཚགས་ཚུད་བྱ་རྒྱུ་དེ་རེད། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པར་དུས་ཚོད་དམ་འཛིན་གྱི་ནད་གདོན་ལ་ཁ་གཏད་བཅག་སྟེ་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།
     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཟླ་2ཚེས་3ཉིན་ཚོགས་འདུ་འཚོགས་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀའི་གནས་ཚུལ་སྐོར་གྱི་འབྲེལ་ཡོད་སྡེ་ཚན་གྱི་སྙན་སེང་གསན་པ་དང་འབྲེལ་གོམ་སྟབས་རྗེས་མའི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཐད་ཞིབ་འཇུག་ཀྱང་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
     ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ཏེ་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་འཐབ་ས་མདུན་མར་འབད་འཐབ་བྱེད་བཞིན་ཡོད་པའི་རྒྱ་ཆེའི་ལས་བྱེད་ལས་བཟོ་དང་། སྨན་བཅོས་འཕྲོད་བསྟེན་ལས་དོན་པ། ཚན་ཞིབ་མི་སྣ། མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ། ཕྱོགས་ཁག་གི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་ཞུས་པ་མ་ཟད། ནད་པ་དང་ཁོང་ཚོའི་ནང་མིར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲིའང་ཞུས་པ་རེད། ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ད་ཐེངས་རིམས་ནད་ཐོན་ཚུན་ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ནས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ཨང་དང་པོར་བཞག་ནས་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་གཉིས་འཚོགས་པ་དང་ཆེད་དོན་ཞིབ་འཇུག་བྱས་པ་དང་ཆབས་ཅིག ཏང་ཀྲུང་དབྱང་གིས《ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཕྱིར་སྲ་ཞིང་བརྟན་པའི་ཆབ་སྲིད་ཀྱི་འགན་ལེན་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》བཀྲམ་ཡོད། རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གིས་ཚོགས་འདུ་ཐེངས་མང་འཚོགས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་ཞིབ་འཇུག་བཀོད་སྒྲིག་བྱས་ནས་ཀྲུང་དབྱང་མཛུབ་ཁྲིད་ཚོགས་ཆུང་གིས་ལས་དོན་ཧུར་ཐག་བསྒྲུབས་ཡོད། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱིས་མཐུན་སྦྱོར་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་སྔོན་འགོག་ཚོད་འཛིན་ལས་དོན་ཁྲོད་འཕྲད་པའི་ཁ་ཚ་དགོས་གཏུག་གི་གནད་དོན་དུས་ཐོག་ཏུ་མཐུན་སྦྱོར་ཐག་གཅོད་བྱས་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་རང་འགན་རང་འཁུར་དང་དམག་དཔུང་གིས་ས་གནས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱབ་སྐྱོར་ཧུར་ཐག་བྱས་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་དང་ཐད་ཀར་འབྲེལ་བ་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་པོ་ཡོང་རྒྱུ་དང་ཐད་ཀར་འབྲེལ་བ་ཡོད་པ་མ་ཟད། རང་རྒྱལ་གྱི་ཕྱི་ཕྱོགས་སྒོ་དབྱེ་དང་ཡང་འབྲེལ་བ་ཡོད། ད་ཆ་ཆེས་འགག་རྩའི་གནད་དོན་ནི་ལས་ཀ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་ཏན་ཏིག་དང་ཚགས་ཚུད་བྱ་རྒྱུ་དེ་རེད། སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ཏན་ཏིག་ངང་ཡག་པོ་སྒྲུབ་པར་དུས་ཚོད་དམ་འཛིན་གྱིས་ནད་གདོན་ལ་ཁ་གཏད་བཅག་སྟེ་རིམས་ནད་འགོས་ཁྱབ་འགྲོ་རྒྱུ་བཀག་འགོག་མཐའ་གཅིག་ཏུ་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་ནན་བཤད་གནང་བ་རེད།
     ཞི་ཅིན་ཕིང་གིས་རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་དེ་རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ངེས་པར་དུ་ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་འདོམས་དང་། གཅིག་གྱུར་མཐུན་སྦྱོར། གཅིག་གྱུར་བཀོད་གཏོང་བཅས་ལ་བརྩི་སྲུང་དང་བཀའ་གསུང་ཅི་སྒྲུབ་ཞུ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ངེས་པར་དུ་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཁྱོན་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་ལམ་སྲོལ་གྱི་བཀོད་འདོམས་ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་དགོས། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་བྱ་ཐབས་སྤྱོད་སྐབས་རང་ས་ཁུལ་དང་རང་ས་ཁོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་དགོས་མཁོར་བསམ་བློ་གཏོང་དགོས་ལ། གཙོ་གནད་ས་ཁུལ་དང་རྒྱལ་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་གྱི་ཤུགས་རྐྱེན་ལའང་བསམ་བློ་གཏོང་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ནི་གསོ་རིག་འཕྲོད་བསྟེན་གྱི་གནད་དོན་ཁོ་ན་མིན་པར་དེ་ནི་ཕྱོགས་ཡོངས་ཀྱི་ལས་དོན་ཞིག་ཡིན་པས་ལས་དོན་ཁག་ཚང་མས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་ཕྱིར་རྒྱབ་སྐྱོར་བྱེད་དགོས་ཞེས་གསུངས་པ་རེད།
     ཚོགས་འདུའི་ཐོག་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་དགོས། སྟོབས་ཤུགས་གཅིག་སྡུད་ཐོག་གཙོ་གནད་ས་ཁུལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་བྱས་ན་གཞི་ནས་རིམས་ནད་རྒྱལ་ཡོངས་སུ་འགོས་ཁྱབ་འགྲོ་བའི་འབྱུང་རྩ་སེལ་ཐུབ། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་ནི་སྔར་བཞིན་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཡིན། སྔོན་འགོག་ཚོད་འཛིན་བྱ་རྒྱུ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་དེར་ཤུགས་སྣོན་བརྒྱབ་སྟེ་སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་ཞུ་བ། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བཅས་ཀྱི་བྱ་ཐབས་དོན་འཁྱོལ་ནན་ཏན་བྱེད་པ་མ་ཟད། རིམས་ནད་ཀྱི་ལྟ་ཞིབ་ཚད་ལེན་ལ་ཤུགས་སྣོན་རྒྱག་པ་དང་། ནད་པ་གཅིག་སྡུད་ཐོག་སྐྱོབ་བཅོས་བྱེད་པ། ནད་པ་དང་འབྲེལ་བ་དམ་ཟབ་ཡོད་མཁན་ཁྱིམ་དུ་གསོ་རིག་ལྟ་ཞིབ་བྱེད་པ་བཅས་ཀྱི་ཐོག་ནས་རིམས་ནད་ཕྱིར་འགོས་ཁྱབ་འགྲོ་རྒྱུ་སྔོན་འགོག་གི་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་དེར་ཤུགས་སྣོན་རྒྱག་དགོས་པའི་ནན་བཤད་བྱས་ཡོད།
     ཚོགས་འདུའི་ཐོག་ནུས་ཤུགས་ཡོད་རྒུས་ནད་པ་སྐྱོབ་བཅོས་དང་སྨན་བཅོས་འགོག་སྲུང་གི་དངོས་པོ་མཁོ་འདོན་འགན་ལེན་བྱས་ནས་སྨན་ཁང་དུ་སྐྱོབ་བཅོས་བྱེད་ཚད་དང་དྲག་སྐྱེས་ཐུབ་ཚད་གོང་མཐོར་ཧུར་ཐག་གཏོང་བ་དང་། ནད་ཡམས་འགོས་ཚད་དང་འཆི་ཚད་དམའ་རུ་གཏོང་དགོས་པ་དེ་ནི་མིག་སྔའི་སྔོན་འགོག་ཚོད་འཛིན་ལས་དོན་གྱི་ལས་འགན་གཙོ་བོ་དེ་རེད། གཅིག་སྡུད་ཐོག་སྨན་ཁང་དུ་སྨན་བཅོས་བྱེད་པའི་སྨན་ཁང་གང་མགྱོགས་སྐྲུན་ཟིན་པ་བྱས་ནས་བེད་སྤྱོད་ཐུབ་པ་བྱེད་དགོས་པ་དང་། དགོས་མཁོར་གཞིགས་ཏེ་མུ་མཐུད་རྒྱལ་ཡོངས་ནས་སྨན་དོན་མི་སྣ་ཝུའུ་ཧན་དུ་རོགས་སྐྱོར་ལ་མངགས་དགོས་པ་དང་དུས་མཚུངས་སྨན་དོན་མི་སྣའི་ལུས་སེམས་བདེ་ཐང་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་ཞེས་བསྟན་ཡོད་པ་རེད།
     ཚོགས་འདུའི་ཐོག་ཚན་རིག་ཞིབ་འཇུག་གི་འགག་སྒྲོལ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིམས་ནད་དམག་འཐབ་ལས་རྣམ་པར་རྒྱལ་བར་ཚན་རིག་གི་འདེགས་སྐྱོར་དང་ཁ་འབྲལ་ཐབས་མེད། ནད་དུག་གི་འབྱུང་ཁུངས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་རིགས་པས་ཁུངས་སྐྱེལ་བྱེད་པ་དང་། འགོ་ནད་ཀྱི་འབྱུང་ཁུངས་དང་འགོས་ཁྱབ་འགྲོ་ལམ་གང་མགྱོགས་རྩད་གཅོད་ཁ་གསལ་བྱེད་པ། ནད་དུག་འགྱུར་ལྡོག་གི་གནས་ཚུལ་ལ་དམ་པོར་སྙེགས་པ། སྔོན་འགོག་ཚོད་འཛིན་གྱི་ཐབས་ཇུས་དང་བྱ་ཐབས་ལ་དུས་ཐོག་ཏུ་ཞིབ་འཇུག་བཅས་བྱེད་དགོས་པའི་ནན་བཤད་བྱས་ཡོད།
     ཚོགས་འདུའི་ཐོག་རྒྱུན་གཏན་གྱི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྒྲིག་ལམ་ལ་སྲུང་སྐྱོང་ཏན་ཏིག་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་པ་དང་དུས་མཚུངས་ཐོན་སྐྱེད་དང་འཚོ་བ་བརྟན་ཞིང་གོ་རིམ་ལྡན་པ་ཡོང་རྒྱུ་རྒྱུན་འཁྱོངས་ཧུར་ཐག་བྱེད་དགོས། སྔོ་ཚལ་དང་། ཤ་སྒོང་། འོ་མ། འབྲུ་རིཌ་སོཌ་གྲོང་མིའི་འཚོ་བའི་ཉེར་མཁོ་མཁོ་འདོན་འགན་ལེན་དང་། “ཤ་ཚལ་སྒོང”གསུམ་གྱི་ཧྲི་ཀྲང་གི་འགན་འཁུར་ལམ་ལུགས་དོན་འཁྱོལ་ཐོག་སྔོ་ཚལ་སོགས་ཞོར་ཟས་ཐོན་སྐྱེད་སྒྲིག་འཛུགས་ཧུར་ཐག་བྱས་ནས་དངོས་པོ་བཀོད་སྒྲིག་དང་ཁྲོམ་རའི་མཁོ་འདོན་ལ་ཤུགས་སྣོན་རྒྱག་དགོས་ཞེས་བསྟན་ཡོད་པ་རེད།
     ཚོགས་འདུའི་ཐོག་དྲིལ་བསྒྲགས་སློབ་གསོ་དང་གླེང་ཕྱོགས་ཀྱི་ཁྲིད་སྟོན་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། དྲ་ཐོག་དང་དྲ་ཕྱི་དང་། རྒྱལ་ནང་དང་རྒྱལ་སྤྱི། དོན་ཆེན་དང་དོན་ཆུང་བཅས་ལ་སྤྱི་འདོམས་བྱས་ཐོག་གདེང་ཚོད་བརྟན་དུ་གཏོང་བ་དང་། མི་སེམས་དྲོ་བར་བྱེད་པ། དམངས་སེམས་གཅིག་ཏུ་སྒྲིལ་བ་བཅས་དེ་བས་ཡག་པོ་བྱེད་དགོས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱེད་དགོས་པ་དང་། ས་ཁུལ་ཁག་དང་སྡེ་ཚན་ཁག་གི་མཉམ་དུ་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་བཟང་པོའི་ཕན་འབྲས་ཀྱི་གནས་ཚུལ་གང་ལེགས་སྤེལ་དགོས། རིམས་ནད་སྔོན་འགོག་དང་རིམས་ནད་འགོག་རྒོལ་གྱི་འཐབ་ས་མདུན་མའི་མི་སེམས་འགུལ་བའི་བྱས་རྗེས་གསོན་ཉམས་དོད་པོས་བརྗོད་པ་དང་། ཀྲུང་གོས་རིམས་ནད་ལ་འགོག་རྒོལ་བྱེད་པའི་གཏམ་རྒྱུད་ཡག་པོ་བརྗོད་པ། ཀྲུང་གོའི་མི་དམངས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་། ཕྱར་བ་གྲུ་འདེགས་ཀྱི་བསམ་པའི་ཉམས་འགྱུར་མངོན་པར་བྱེད་པ། ཀུན་སེམས་གཅིག་སྒྲིལ་ངང་རིམས་ནད་ལ་འགོག་རྒོལ་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

  
style="display:none;"