མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་08ཉིན། 13:32】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ཚེས་6ཉིན་གྱི་དགོང་མོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཞལ་ཆད་ལྟར་སོ་ཏི་ཨ་རབ་ཀྱི་རྒྱལ་པོ་ས་ལེ་མན་དང་ཞལ་པར་ཐོག་ནས་བཀའ་མོལ་གནང་བ་རེད།
     ཞི་ཅིན་ཕིང་གིས་ཀྲུང་གོས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་འགོག་རྒོལ་བྱེད་པའི་འགག་རྩའི་དུས་སུ་རྒྱལ་པོ་མཆོག་དང་སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་གནང་ལུགས་ཐེངས་མང་གསུངས་པ་དེ་ཐོག་ནས་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་གཉིས་པོའི་ལྷག་བསམ་ཟོལ་མེད་ཀྱི་མཛའ་མཐུན་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་མཐོ་པོར་སླེབས་པ་གང་ལེགས་མངོན་པས་ངས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཕྱོགས་དང་ཕན་ཚུན་དབར་གྱི་སྲོག་ཤིང་གི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་ཕན་ཚུན་རྒྱབ་སྐྱོར་བྱས་ཏེ་ཕྱོགས་གཉིས་པོའི་འབྲེལ་བ་སྔར་བས་གོང་འཕེལ་ཆེན་པོ་ཡོང་བར་སྐུལ་མ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
     ཞི་ཅིན་ཕིང་གིས་རིམས་ནད་ཐོན་ཚུན་ཀྲུང་གོ་ཡོངས་ཀྱིས་བྱ་སྤྱོད་སྤེལ་བ་དང་རྒྱལ་ཡོངས་གོང་འོག་སེམས་པ་གཅིག་ཏུ་སྒྲིལ་ནས་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་ཁ་གཏད་གཅོག་རྒྱུའི་ཐད་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་མཐར་ཕྱིན་དང་ནན་ཤོས་སྤྱད་དེ་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པའི་མི་དམངས་ཀྱི་དམག་འཐབ་བརྒྱབ་ཡོད། མིག་སྔར་ང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ལ་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་བཞིན་ཡོད། ཀྲུང་གོར་སྟོབས་དང་ལྡན་པའི་སྐུལ་སློང་གི་ནུས་པ་དང་སྤྱི་པའི་འཕྲོད་བསྟེན་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཉམས་མྱོང་ཕུན་སུམ་ཚོགས་པོའང་ཡོད་ལ་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་རྒྱལ་ཁ་ལེན་པའི་གདེང་ཚོད་དང་འཇོན་ཐང་ཡང་དེ་བས་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྤྱད་པའི་བྱ་ཐབས་ནུས་ལྡན་གྱིས་ཀྲུང་གོ་མི་དམངས་ཀྱི་བདེ་ཐང་ལ་འགན་འཁུར་བས་མ་ཚད། ད་དུང་འཛམ་གླིང་གི་སྤྱི་པའི་བདེ་འཇགས་ལའང་ལེགས་སྐྱེས་གལ་ཆེན་ཕུལ་བ་ཞིག་ཀྱང་ཡིན། རྒྱལ་ཁབ་ཁག་གིས་འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་ཡུལ་སྐོར་དང་འཕྲོད་བསྟེན་སྐོར་གྱི་མཛུབ་ཁྲིད་བསམ་འཆར་དུས་ཐོག་ཏུ་ཤེས་རྟོགས་དང་དེར་སྲུང་བརྩི་ཞུ་རྒྱུའི་རེ་བ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་སོ་ཏི་ཨ་རབ་ཀྱི་མི་སྣ་སོགས་ཕྱི་རྒྱལ་གྱི་སྤྱི་དམངས་ཡོངས་ཀྱི་བདེ་ཐང་དང་བདེ་འཇགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་མུ་མཐུད་བྱ་ཐབས་ནུས་ལྡན་སྤྱད་དེ་ཁོང་ཚོའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་འགན་ལེན་ཡག་པོ་བྱེད་ཀྱི་ཡིན། ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་ཡོངས་བསྒྲགས་དང་ཁ་གསལ་གྱི་རྣམ་འགྱུར་ཐོག་ནས་སོ་ཏི་ཨ་རབ་ཚུད་པའི་རྒྱལ་ཁབ་ཁག་དང་མཉམ་དུ་རིམས་ནད་ལ་ཁ་གཏད་ནུས་ལྡན་བཅག་ནས་འཛམ་གླིང་དང་ས་ཁུལ་གྱི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་ནན་བཤད་གནང་བ་རེད།
     ས་ལེ་མན་གྱིས་སོ་ཏི་ཨ་རབ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཀྲུང་གོས་འགོག་རྒོལ་བྱེད་པའི་འཐབ་རྩོད་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱས་ཏེ་རིམས་ནད་ལས་གྱོང་གུན་ཕོག་པའི་མཐུན་ལམ་ཟབ་པའི་ཀྲུང་གོ་མི་དམངས་ལ་འཚམས་འདྲི་ཞུས་ཡོད། ས་ལེ་མན་གྱིས་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་གོ་སྲིད་གཞུང་གི་བྱ་ཐབས་ནུས་ལྡན་ལ་སོ་ཏི་ཨ་རབ་ཀྱིས་བསྔགས་བརྗོད་ཆེན་པོ་ཞུ་རྒྱུ་མ་ཟད། ཀྲུང་གོར་རིམས་ནད་ལ་འགོག་རྒོལ་བྱེད་པའི་ཐད་རྒྱལ་ཁ་ཐོབ་ངེས་ཡིན་པར་ཡིད་ཆེས་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་དང་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་ཚད་མཐོའི་མཐོང་ཆེན་བྱས་ནས་གནས་ཚུལ་གང་རུང་ཞིག་ཐོན་ཡང་ཀྲུང་གོའི་ཕྱོགས་སུ་མཐའ་གཅིག་ཏུ་ལངས་རྒྱུ་ཡིན། མིག་སྔར་ཀྲུང་གོར་འཕྲད་པའི་དཀའ་ངལ་ཐད་སོ་ཏི་ཨ་རབ་ཕྱོགས་ཀྱིས་ནུས་ཤུགས་ཡོད་རྒུས་ཀྲུང་གོར་རིམས་ནད་ལ་འགོག་རྒོལ་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱེད་འདོད་ཡོད། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཛའ་མཐུན་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་པ་རེད།

  
style="display:none;"