མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་07ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

༄༅༎ཞི་ཅིན་ཕིང་གིས་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ།

     འདི་ནི་ཟླ་2ཚེས་5ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བཞིན་པ། ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཚེས་5ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་ཁམ་ཕུ་ཁྲེའི་དབུ་བཞུགས་བློན་ཆེན་ཧུང་སེན་དང་མཇལ་འཛོམས་གནང་བ་རེད། 
     ཞི་ཅིན་ཕིང་གིས་མིག་སྔར་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ནུས་ཤུགས་ཡོད་རྒུས་འགོག་རྒོལ་བྱེད་བཞིན་ཡོད། དཀའ་ངལ་གྱི་མདུན་དུ་བརྩེ་སེམས་ངོ་མ་མངོན། དམིགས་བསལ་གྱི་དུས་སྐབས་སུ་ཁམ་ཕུ་ཁྲེའི་མི་དམངས་ང་ཚོ་དང་མཉམ་དུ་གནས་ཡོད། རྒྱལ་པོ་ཤིས་ཧ་མོ་ཉི་དང་གོང་མའི་ཡུམ་ཆེན་མོ་ཉི་ལེས་ཆེད་མངགས་ང་ཚོར་འཚམས་འདྲི་དང་རྒྱབ་སྐྱོར་གནང་བ་དང་སྐུ་ཞབས་དབུ་བཞུགས་བློན་ཆེན་གྱིས་དེ་བས་ཀྲུང་གོ་ཕྱོགས་ལ་ནུས་ཤུགས་ཐེངས་མང་བཏོན་པ་དང་དེ་རིང་ཆེད་མངགས་ཀྲུང་གོར་འཚམས་འདྲིར་ཕེབས་པ་དེ་ཐོག་ནས་གཞོམ་ཞིག་མེད་པའི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་མཛའ་གྲོགས་དང་ཕན་ཚུན་ཡིད་ཆེས་བྱེད་ཤུགས་མངོན་ནས་སྐྱིད་སྡུག་མཉམ་མྱོང་གི་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་སྲོག་ཤིང་གི་འགག་གནད་གསལ་འགྲེལ་བྱས་ཡོད། ཀྲུང་གོ་ཕྱོགས་ཀྱིས་དེའི་ཐད་བསྔགས་བརྗོད་ཚད་མེད་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ལོ་གསར་པའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཁམ་ཕུ་ཁྲེ་ཕྱོགས་དང་མཐོ་རིམ་གྱི་འགྲོ་འོང་རྒྱུན་འཁྱོངས་དམ་ཟབ་བྱེད་པ་དང་ཀྲུང་གོ་དང་ཁམ་ཕུ་ཁྲེའི་ལས་དབང་གཅིག་མཐུན་འདུས་གྲུབ་ཀྱི་བྱ་སྤྱོད་འཆར་གཞི་དོན་འཁྱོལ་ཡག་པོ་བྱས་ཏེ་ཀྲུང་གོ་དང་ཁམ་ཕུ་ཁྲེའི་འབྲེལ་བ་སླར་ཡང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་འདོད་ཡོད་ཅེས་ནན་བཤད་གནང་བ་རེད། 
     ཧུང་སེན་གྱིས་ངས་སྐབས་འཕྲལ་དུ་དམིགས་བསལ་གྱི་དུས་ཚོད་དེར་ཀྲུང་གོར་ཡོང་རྒྱུའི་ཐག་བཅད་པ་དེ་ནི་ཁམ་ཕུ་ཁྲེའི་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རིམས་ནད་ཀྱི་འགོག་རྒོལ་ལ་རྒྱབ་སྐྱོར་ཤུགས་ཆེན་བྱེད་ལུགས་མཚོན་ཆེད་ཡིན། ཀྲུང་གོར་དཀའ་ངལ་འཕྲད་སྐབས་ཁམ་ཕུ་ཁྲེའི་མི་དམངས་ཀྱིས་ཀྲུང་གོའི་མི་དམངས་དང་མཉམ་དུ་བློ་རྩ་བརྟན་པོའི་ངང་སྐྱིད་སྡུག་མཉམ་མྱོང་དང་དུས་ངལ་མཉམ་སེལ་བྱེད་པ་ནི་དངོས་འབྲེལ་གྱི“གྲོགས་པོ་བློ་ཐུབ”ཞིག་རེད། ཀྲུང་གོ་ཕྱོགས་ཀྱིས་ཀྲུང་གོར་ཡོད་པའི་ཁམ་ཕུ་ཁྲེའི་སྤྱི་དམངས་ཀྱི་འཚོ་བ་དང་བདེ་ཐང་ལ་ཐུགས་ཁུར་དང་འགན་ལེན་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འཚམས་འདྲི་དེ་བརྒྱུད་ཁོང་ཚོའི་ཡིད་ཆེས་ཆེ་རུ་འགྲོ་རྒྱུའི་རེ་བ་ཡོད། ཁམ་ཕུ་ཁྲེས་མུ་མཐུད་ཀྲུང་གོ་དང་རྒྱུན་གཏན་གྱི་མཉམ་ལས་དང་འགྲོ་འོང་བྱས་ནས་ཀྲུང་གོ་དང་མཉམ་དུ་ཁམ་ཕུ་ཁྲེ་དང་ཀྲུང་གོའི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཁྲོད་གཞོལ་རྒྱུ་ཡིན་ཞེས་གསུངས། དབྱང་ཅེ་ཁྲེ་དང་། ཝང་དབྱི། ཧོ་ལི་ཧྥུང་སོགས་མཇལ་འཛོམས་ལ་ཞུགས་པ་རེད།

  
style="display:none;"