མི་དམངས་དྲ་བ།

༄༅༎ལི་ཁེ་ཆང་གིས་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་
ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་པ།

གསར་འགྱུར་སྤེལ་དུས།  【2020ལོའི་ཟླ་ 02ཚེས་04ཉིན། 12:11】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་2ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཟླ་2ཚེས་2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ལི་ཁེ་ཆང་གིས་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཏེ། ཞིང་ཆེན་འགའ་ཤས་ལ་སྔོན་འགོག་ཚོད་འཛིན་གྱི་ལས་ཀའི་དགོས་མཁོས་རྐྱེན་པས་ལས་དོན་བབ་བསྟུན་བཀོད་སྒྲིག་བྱེད་པ་དང་རིམས་ནད་སྔོན་འགོག་ཚོད་འཛིན་དང་ཁྲོམ་རའི་མཁོ་སྤྲོད་འགན་ལེན་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་དང་དེའི་མཐའ་འཁོར་གྱི་གཙོ་གནད་ས་ཁུལ་ལ་སྨན་བཅོས་སྔོན་འགོག་ཚོད་འཛིན་དང་དངོས་ཟོག་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་རྒྱུའི་བཀོད་སྒྲིག་གནང་བ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་གཞོན་པ་ཝང་ཧུའུ་ཉིང་ཚོགས་འདུར་ཕེབས་ཡོད་པ་རེད།
     ཚོགས་འདུའི་ཐོག་བསྟན་དོན། ཏོག་དབྱིབས་ནད་དུག་གསར་པས་བསླངས་པའི་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུའི་དགོངས་དོན་གཞིར་བཟུང་། དཔྱིད་གསར་དུས་ཆེན་རྗེས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་། སྤྱི་པའི་བྱ་གཞག་འཁོར་སྐྱོད། མང་ཚོགས་ཀྱི་འཚོ་བའི་དགོས་མཁོ། དེ་བཞིན་རྒྱལ་ཇུས་གལ་ཆེན་དང་འབྲེལ་བའི་དམངས་འཚོའི་ཁེ་ལས་དང་གཙོ་གནད་ལས་གྲྭ་གཞན་དག་གི་ལས་མི་དུས་ཐོག་ཏུ་ལས་གནས་ཐོག་ལོག་ཐུབ་པའི་འགན་ལེན་བྱེད་པ་དང་ཆབས་ཅིག་ལས་རིགས་གཞན་དག་གིས་བབ་བསྟུན་གྱི་བྱེད་ཐབས་སྤྱད་དེ་ལས་ཀ་བཀོད་སྒྲིག་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ས་ཁུལ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དངོས་ཟོག་དང་འཚོ་བའི་མཁོ་ཆས་སོགས་མཁོ་སྤྲོད་བརྟན་པོ་ཡོང་བའི་འགན་ལེན་བྱེད་དགོས་པ་དང་། ས་གནས་དེ་གའི་སྨན་རྫས་དང་། འགོག་སྲུང་ཡོ་བྱད། དུག་སེལ་མཁོ་ཆས་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དངོས་ཟོག་མཁོ་སྤྲོད་དང་དགོས་མཁོའི་གནས་ཚུལ་དུས་ཐོག་ཏུ་ཤེས་རྟོགས་བྱེད་པ་དང་། བྱེད་ཐབས་ནུས་ལྡན་སྤྱད་དེ་འབྲེལ་ཡོད་ཁེ་ལས་ལ་ལས་འགོ་གང་མགྱོགས་འཛུགས་པ་དང་། ཐེག་ཚད་ཁེངས་པའི་ཐོན་སྐྱེད། ཐོན་ནུས་ཆེར་གཏོང་བཅས་ལ་རྒྱབ་སྐྱོར་བྱེད་དགོས།
     ཚོགས་འདུའི་ཐོག་བསྟན་དོན། ཧུའུ་པེ་ཞིང་ཆེན་དང་ལྷག་པར་དུ་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དངོས་ཟོག་གི་དགོས་མཁོ་འགན་ལེན་བྱེད་པ་ནི་གལ་ཆེའི་ནང་གི་འགངས་ཆེན་རེད། རིམས་ནད་ཐོན་རྗེས་རྒྱལ་ཁབ་ཀྱིས་ཕྱོགས་ཁག་ནས་མི་རྒྱུ་དངོས་གསུམ་སྐོང་འཐེན་བྱས་ཏེ་གཅིག་སྡུད་རྒྱབ་སྐྱོར་བྱས་ཡོད། འོན་ཀྱང་ཧུའུ་པེར་མིག་སྔར་སྨན་བཅོས་ཐོན་ཁུངས་དཀོན་པའི་གནད་དོན་སྔར་བཞིན་མངོན་གསལ་དོད་པོ་ཡོད། སྨན་ཁང་དང་ཉལ་ཁྲི་འཛུགས་སྐྲུན་མགྱོགས་པོ་དང་སྨན་དོན་མི་སྣའི་དཔུང་ཁག་གི་འགན་ལེན་ལ་ཤུགས་སྣོན་བརྒྱབ་སྟེ་རྒྱལ་ཡོངས་ཀྱི་ཞིང་ཆེན་གཞན་དག་ནས་དབུགས་ལམ་དང་། ཚབས་ཆེ། ནད་སྐྱོང་སོགས་ཐད་ཀྱི་ཆུ་ཚད་མཐོ་བའི་སྨན་དོན་མི་སྣ་སྒྲིག་འཛུགས་བྱས་ཏེ་ཧུའུ་པེར་རོགས་སྐྱོར་བྱེད་དགོས།
     ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ས་ཁོངས་ཀྱི་འགན་འཁྲི་ནན་དུ་གཏོང་བ་དང་། སྔོན་འགོག་ཚོད་འཛིན་གྱི་སྟོབས་ཤུགས་གཤམ་དུ་གཏོང་བར་སྐུལ་འདེད། ཡོངས་བསྒྲགས་ཁ་གསལ་མཐའ་འཁྱོངས། སྔ་ཙམ་ཤེས་རྟོགས་དང་། སྔ་ཙམ་སྙན་སེང་། སྔ་ཙམ་ལོགས་སུ་འཇོག་པ། སྔ་ཙམ་སྨན་བཅོས་བཅས་བྱས་ནས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགོག་རྒོལ་དམག་འཐབ་ལ་མཐའ་གཅིག་ཏུ་རྒྱལ་ཁ་ལེན་དགོས།
     འགོ་ཁྲིད་ཚོགས་ཆུང་གི་ཁོངས་མི་ཏིང་ཞུའེ་ཞང་དང་། ཧོང་ཁུན་མིང་། ཚའེ་ཆི། ཝང་དབྱི། ཤའོ་ཅེ། ཀྲའོ་ཁེ་ཀྲི་བཅས་ཚོགས་འདུར་ཕེབས་ཡོད་པ་རེད།

  
style="display:none;"