འཚོལ་བཤེར།   
藏文频道
2018ལོའི་ཟླ་8ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ཟླ་6པ་ནས་བཟུང་ཕུལ་བྱུང་སྨན་བཅོས་ཤེས་ལྡན་མི་སྣ་519ལས་གྲུབ་པའི
    “ཚོགས་སྒྲིག་རྣམ་པའི”བོད་སྐྱོར་རུ་ཁག་ཁག་གསུམ་འདེམས་གཏོང་བྱས་ཏེ། 
    གངས་ལྗོངས་ས་མཐོར་ནམ་ཡང་གནས་པའི་སྨན་བཅོས་རུ་ཁག་ཅིག་བཏོད་པ། 

    མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགོད་པ། ཡོན་ཆོན། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 08ཚེས་05ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
           མི་དམངས་དྲ་བའི་འཕྲིན། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་བྱིས་པའི་ཚན་ཁག་གི་གློ་ཡུ་ལྟ་ཤེལ་ལྟེ་གནས་ཀྱི་སྨན་བཅོས་ཁང་གི་ཕྱི་ངོས་སུ་སྨྱུ་གུའི་ཁེབས་གཅོད་དང་། ཀྭ་ཙེ། ཚི་གུ་སོགས་གློ་ཡུའི་ནང་འཛུལ་བའི་དངོས་རིགས་ཀྱི་མ་དཔེ་བླུགས་པའི་ལྕགས་སྒམ་ཞིག་ཡོད།
           སྨན་པ་བྱས་ནས་ལོ་24སོང་བའི་བྱིས་པའི་ཚན་ཁག་གི་ཀྲུའུ་རེན་གཞོན་པ་གཡུ་སྒྲོན་གྱིས་ཤེལ་དམ་ནང་ཉར་ཚགས་བྱས་པའི་སྨྱུ་གུའི་ཁེབས་གཅོད་ཅིག་བསྟན་ནས“སྨྱུ་གུའི་ཁེབས་གཅོད་དེ་བཏོན་རྗེས་ཕྲུ་གུ་མགྱོགས་མྱུར་དྲག་སྐྱེད་བྱུང་སོང་། བྱིས་པའི་གློ་ཡུ་ལྟ་ཤེལ་གྱི་ལག་རྩལ་ཡག་པོ་ཡོད་པས་ཁྱིམ་བདག་གི་དགའ་བསུ་ཆེན་པོ་ཐོབ་ཡོད”ཅེས་བརྗོད། གཡུ་སྒྲོན་ནི་པེ་ཅིང་བྱིས་པའི་སྨན་ཁང་དུ་སློབ་སྦྱོང་བྱེད་པར་བསྐྱོད་པའི་བོད་ཀྱི་སྨན་པ་ཁག་དང་པོའི་གྲས་ཤིག་རེད། ད་དུང་ཁོང་གིས“སློབ་སྦྱོང་ལྟ་སྦྱོང་བྱེད་པ་ནས་བོད་སྐྱོར་རིགས་གཅིག་མཁས་ཅན་དང་མཉམ་དུ་གཤགས་བཅོས་བྱེད་པའི་བར་དང་། དེ་ནས་རང་ཉིད་གཅིག་པུས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་བྱས་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོ་ནི་ཧ་ཅང་བརྗེད་དཀའ་བ་ཞིག་རེད”ཅེས་བརྗོད། ད་ཆ་ཁོང་ལས་ཀ་བྱེད་སའི་སྨན་ཁང་དེ་ལག་རྩལ་བྱང་ཆུབ་པའི་སྨན་བཅོས་དཔུང་ཁག་ཅིག་ཏུ་གྱུར་པ་དེའི་ནང་ས་གནས་དེ་གའི་སྨན་པ་4དང་ནད་སྐྱོང་པ་4ཡོད་པ་རེད།
          “ལོ་གསུམ་གྱི་གོང་། ལྷོ་ཁ་གྲོང་ཁྱེར་གྱི་བྱིས་པ་ལོ་གཉིས་ལ་སླེབས་པ་ཞིག་གློ་བརྒྱབ་ནས་ཟླ་ཕྱེད་ཙམ་སྨན་བཅོས་བྱས་ཀྱང་ཕན་འབྲས་མངོན་གསལ་དོད་པོ་ཐོན་མེད་པས་ལྷ་སའི་སྨན་ཁང་དུ་བསྒྱུར་བ་རེད། རིགས་གཅིག་མཁས་ཅན་གྱིས་གློ་ཡུའི་ནང་དངོས་པོ་འཛུལ་ཡོད་པར་ཐག་བཅད་དེ་གཤགས་བཅོས་བྱེད་རྩིས་བྱེད་སྐབས་སྨན་ཁང་ནང་འཕྲལ་དུ་མཁོ་བའི་ཞིབ་བཤེར་ཚད་འཇལ་གྱི་སྒྲིག་ཆས་གློ་ཡུ་ལྟ་ཤེལ་མེད་པ་ཤེས་ནས་གློ་ཡུ་ལྟ་ཤེལ་ཡོད་པའི་སྨན་ཁང་ཞིག་ཏུ་བསྒྱུར་རྗེས་སྨན་ཁང་དེར་གཤགས་བཅོས་ཀྱི་ཆེད་སྤྱོད་ཀྱི་སྐམ་པ་མེད་པ་ཤེས” ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གི་ཡོན་ཀྲང་ཡུས་ཡ་པིང་གིས་དྲན་གསོ་བྱེད་བཞིན“པེ་ཅིང་བྱིས་པའི་སྨན་ཁང་གིས་སྒོར་ཁྲི་2རི་བའི་སྐམ་པ་ལྷ་སར་བསྐུར་ཡོད་ཀྱང་གཙོ་བཅོས་སྨན་པར་གཞོགས་འདེགས་བྱེད་ཐུབ་པའི་ནད་སྐྱོང་པ་མེད་པ་ཤེས། འགལ་རྐྱེན་མང་པོ་བརྒྱུད་རྗེས། ཟླ་བ་གཅིག་གི་རྗེས་སུ་ཕྲུ་གུའི་གློ་ཡུའི་ནང་འཛུལ་བའི་ཀྭ་ཙེ་བདེ་བླག་ངང་འདོན་ཐུབ་པ་རེད། སྐབས་དེ་དུས་ང་ཚོས་ལྷ་སར་གློ་ཡུའི་ལྟ་ཤེལ་ཁང་ཞིག་འཛུགས་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བརྗོད། 
           “པེ་ཅིང་དང་བོད་ལྗོངས་ས་ཁུལ་གཉིས་ཤུགས་ཆེའི་རྒྱབ་སྐྱོར་འོག་མ་དངུལ་སྒོར་ཁྲི་230བཏང་ནས་གློ་ཡུ་ལྟ་ཤེལ་ཁང་བཙུགས་པ་རེད། 2016ལོའི་ཟླ་5པ་ནས་ཟླ་8པའི་བར་བོད་སྐྱོར་རིགས་གཅིག་མཁས་ཅན་གྱིས་ས་གནས་དེ་གའི་སྨན་པའི་དཔུང་ཁག་གི་སྣེ་ཁྲིད་དེ་གཤགས་བཅོས་ཐེངས་59བྱས་པ་དང་། དེ་རྗེས་གཙོ་བོ་ས་གནས་དེ་གའི་སྨན་པས་རང་རྐྱ་འཕེར་བའི་ངང་གཤགས་བཅོས་བྱེད་པ་ནས་འདི་ལོའི་ཟླ་བ་7པའི་བར་གཤགས་བཅོས་ཐེངས་400ཙམ་གྲུབ་འབྲས་ཐོན་པའི་ངང་བྱས་པ་རེད”ཅེས་ཡུས་ཡ་པིང་གིས་བརྗོད་པ་དང་། སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱས་ནས་སྤྱི་ཚོགས་ཀྱི་ཕན་ནུས་ཆེན་པོ་ཐོན་ཡོད་པ་དང་ད་ཆ་ས་གནས་དེ་གའི་སྨན་བཅོས་ནད་སྐྱོང་དཔུང་ཁག་གསོ་སྐྱོང་བྱེད་བཞིན་ཡོད། སྨན་བཅོས་ལག་རྩལ་དེ་གངས་ལྗོངས་ས་མཐོར་གཞི་ཚུགས་པ་བྱས་ཏེ་མི་སེར་གྱིས་ཁྱིམ་གྱི་སྒོ་རྩར་སྤུས་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
           2015ལོའི་ཟླ་6པ་ནས་བཟུང་སྨན་བཅོས་ཤེས་ལྡན་མི་སྣའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་ལས་དོན་ལོ་གསུམ་སྤེལ་ཚུན་ཀྲུང་དབྱང་རྩ་འཛུགས་པུའུ་དང་། རྒྱལ་ཁབ་འཕྲོད་བསྟེན་དང་བདེ་ཐང་ཨུ་ལྷན་སོགས་པུའུ་ཨུད་ཀྱིས་རྩེ་རིམ་ཇུས་འགོད་བཟོས་པ་དང་ལས་རིམ་ཧྲིལ་པོར་སྐུལ་འདེད་བཏང་ནས་པེ་ཅིང་ཞེ་ཧོ་སྨན་ཁང་སོགས་སྣེ་ཁྲིད་ཚན་པ་8དང་ཚན་ཁག་འགན་གཙང་སྨན་ཁང་65གཏན་འཁེལ་བྱས་ཏེ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་དང་གྲོང་ཁྱེར་དང་ས་ཁུལ་7གྱི་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྱོར་བྱས་པ་དང་། པེ་ཅིང་དང་། ལེའོ་ཉིང་། ཧྲང་ཧའེ། ཨན་ཧུའེ། ཀོང་ཏུང་། ཁྲུང་ཆིང་། ཧྲའན་ཤིས་བཅས་ཞིང་ཆེན་དང་གྲོང་ཁྱེར་7གྱི་ཁ་གཏད་རོགས་སྐྱོར་ཚན་པ་དང་སྨན་ཁང་གིས་སྔ་རྗེས་སུ་ཕུལ་བྱུང་སྨན་བཅོས་ཤེས་ལྡན་མི་སྣ་519ལས་གྲུབ་པའི་ཁག་གསུམ་པའི་བོད་སྐྱོད་ཚོགས་སྒྲིག་རྣམ་པའི་རོགས་སྐྱོར་ལས་དོན་སྤེལ་བ། བོད་རང་སྐྱོང་ལྗོངས་ཀྱིས་ལྗོངས་ཡོངས་ཀྱི་ནུས་ཤུགས་ཡོད་རྒུ་བཏོན་ནས་ཆེད་དོན་རྒྱབ་སྐྱོར་བྱེད་ཐབས་བཏོན་པ་དང་མ་དངུལ་སྒོར་དུང་ཕྱུར་26བཏང་བ་བཅས་རེད།
           《བོད་རང་སྐྱོང་ལྗོངས་ཀྱི་སྨན་ཁང་གི་གདེང་འཇོག་ཚད་གཞི་ལག་བསྟར་ཞིབ་སྲོལ་》གཞིར་བཟུང་གཞིས་རྩེ་གྲོང་ཁྱེར་དང་། ཉིང་ཁྲི་གྲོང་ཁྱེར། ཆབ་མདོ་གྲོང་ཁྱེར། མངའ་རིས་ས་ཁུལ་བཅས་ཀྱི་མི་དམངས་སྨན་ཁང་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་པ་བརྒྱུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་པ་དང་། ལྷོ་ཁ་གྲོང་ཁྱེར་དང་ནག་ཆུ་གྲོང་ཁྱེར་གྱི་མི་དམངས་སྨན་ཁང་གསར་སྐྲུན་བྱེད་བཞིན་ཡོད། 2016ལོར་མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས“ཀ་པ་རིམ་པ་གཉིས་པའི་སྨན་ཁང”བཏོད་ནས་རྒྱལ་ཡོངས་སུ་རིམ་པའི་དཔྱད་བསྡུར་མེད་པའི་ས་ཁུལ་རིམ་པའི་སྨན་ཁང་མཇུག་ཤོས་དེའི་ལོ་རྒྱུས་མཇུག་འགྲིལ་བ་རེད། 2017ལོར་ལྷ་ས་དང་། གཞིས་རྩེ། ཉིང་ཁྲི་བཅས་ཀྱི་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཚད་གཞི་མཐོ་བ་དང་སྤུས་ཚད་མཐོ་བའི་སྒོ་ནས“ཀ་པ་རིམ་པ་གསུམ་པའི་སྨན་ཁང”བཏོད་པ་དང་། འདི་ལོའི་ཟླ་4པར་ལྷོ་ཁ་གྲོང་ཁྱེར་དང་ཆབ་མདོ་གྲོང་ཁྱེར་མི་དམངས་སྨན་ཁང་གི“ཀ་པ་རིམ་པ་གསུམ་པའི་སྨན་ཁང”ལ་དཔྱད་ཞིབ་བདེ་བླག་ངང་ཐུབ་པ་རེད།
            ལོ་གསུམ་རིང་ཚོགས་སྒྲིག་རྣམ་པའི་སྨན་བཅོས་བོད་སྐྱོར་བརྒྱུད། “1+7”གྱི་སྨན་ཁང་ལ་ལོ་རྒྱུས་རང་བཞིན་གྱི་ཡར་རྒྱས་བྱུང་བ་དང་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཁྲི་330ཡིས་ཁྱིམ་གྱི་སྒོ་རྩ་ནས་ནང་སའི་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ་ལོངས་སྤྱོད་ཐུབ་ཡོད། དེ་དང་དུས་མཚུངས“1+7”གྱི་རོགས་སྐྱོར་བྱ་ཡུལ་སྨན་ཁང་གིས་ལྟེ་བ་དང་སྒྲོམ་གཞིར་བྱས་པའི་ལྗོངས་ཡོངས་ཀྱི་སྨན་བཅོས་ཞབས་ཞུའི་དྲ་བར་རྒྱང་ཁྲིད་ལྷན་འཛོམས་ནད་དཔྱད་དང་། རྒྱང་ཁྲིད་ནད་སྐོར་རྒྱག་པ། རྒྱང་ཁྲིད་དམར་ཁྲིད། རྒྱང་ཁྲིད་གསོ་སྦྱོང་སོགས་ཀྱི་བྱ་ཐབས་བརྒྱུད་ནས་སྨན་བཅོས་ཐོན་ཁུངས་དང་རིགས་གཅིག་མཁས་ཅན་གྱི་ཐོན་ཁུངས་མཉམ་སྤྱོད་བྱས་ཏེ་ལེགས་ལྡན་ཐོན་ཁུངས་གཞི་རིམ་དུ་ཁྱབ་འགྱེད་ཐུབ་པ་རེད།
           “སྔོན་ཆད་མང་ཚོགས་མང་པོས་ནད་ཕོག་མ་ཐག་དགོན་པར་ཕྱིན་ནས་མཆོད་འབུལ་བྱེད་པ་དང་། གཤགས་བཅོས་བྱ་དགོས་ཚེ་དགེ་འདུན་པའི་གམ་དུ་ཚེས་ཆ་ལྟ་གི་ཡོད། ད་ཆ་ཚན་རིག་དང་སྨན་པར་དེ་བས་ཡིད་ཆེས་བྱས་ཏེ་རང་འགུལ་ངང་སྨན་ཁང་དུ་སྨན་པ་བསྟེན་པར་འགྲོ་གི་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའི་འགན་ཁུར་བས་དེ་ལྟར་བརྗོད་པ་དང་། ཁོང་གིས་ད་དུང“ལོ་གསུམ་གྱི་སྨན་བཅོས་ཤེས་ལྡན་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་བྱས་པ་བརྒྱུད་མང་ཚོགས་ཀྱི་སྨན་པ་བསྟེན་པའི་འདུ་ཤེས་ལ་འགྱུར་ལྡོག་ཕྱིན་པ་མ་ཟད། མང་ཚོགས་ཀྱིས་བློ་རྩ་བརྟན་པོས་ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་དེ་བས་ཆེ་རུ་ཕྱིན་ཡོད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།